ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ལས་བྱེད་པ་རྒན་པའི་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ལས་བྱེད་པ་རྒན་པའི་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས། སེམས་ནུས་དང་བརྩེ་བ་ཟམ་མོས་གནད་ཁེལ་ཞབས་ཞུ་བྱས་ཏེ།ཧུར་ཐག་གིས་སྤྱིར་བཏང་གི་ལས་གནས་སྟེང་སྤྱིར་བཏང་མ་ཡིན་པའི་ལས་འབྲས་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན། རྒྱལ་ཡོངས་ཀྱི་ལས་བྱེད་པ་རྒན་པའི་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་རྒན་པར་བླ་ན་མེད་པའི་གུས་འདུད་ཞུས་ཤིང་། རྒྱལ་ཡོངས་ཀྱི་ལས་བྱེད་པ་རྒན་པའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་ཕྱིར་དྲན་བྱེད་དུས། རྒྱ་ཆེ་བའི་ལས་བྱེད་པ་རྒན་པ་ཚོས་ཀྲུང་ཧྭ་མི་རིགས་ལ་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་གྱུར་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་དངོས་སུ་རྒྱུད་མྱོང་ལ། ཐོག་མའི་བསམ་འདུན་དང་འགན་འཁྲིར་བློ་བརྟན་འགྱུར་མེད་ཡིན་པ་དང་། ཕུགས་བསམ་དང་དད་སེམས་བརྟན་པ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལྷག་བསམ་རྣམ་དག་བཅས་ཡིན་པའི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རྒྱ་ཆེ་བའི་ལས་བྱེད་པ་རྒན་པ་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཤིང་། རྒས་ཀྱང་ལས་རྒྱུ་ཡོད་པར་མུ་མཐུད་དུ་འོད་དྲོད་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ཞིང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱས་ནས་ཏང་གིས་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གི་གཏམ་རྒྱུད་ཡག་པོ་བཤད་དེ། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་པའི་རེ་བ་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལས་བྱེད་པ་རྒན་པའི་བྱ་བས་ཏང་ཀྲུང་དབྱང་གིས་ལས་བྱེད་པ་རྒན་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཁུར་ཡོད། དུས་ཡུན་རིང་པོར། རྒྱ་ཆེ་བའི་ལས་བྱེད་པ་རྒན་པའི་ལས་དོན་པས་གྲགས་མེད་འགུལ་མེད་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས། ལས་བྱེད་པ་རྒན་པའི་ལས་དོན་ཡག་པོར་བསྒྲུབ་ཆེད་སེམས་ཤུགས་མང་པོ་བཏོན་ནས་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ལས་བྱེད་པ་རྒན་པའི་ལས་དོན་སྡེ་ཁག་དང་ལས་བྱེད་པ་རྒན་པའི་ལས་དོན་པས་བློ་གཅིག་སེམས་གཅིག་གིས་བརྩེ་སེམས་ཟབ་མོ་དང་གནད་སྨིན་གྱི་ཞབས་འདེགས་ཞུས་ཏེ། ཧུར་ཐག་སྒོས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་འཇོག་དགོས། རིམ་པ་སོ་སོའི་ཏང་ཨུ་དང་རྩ་འཛུགས་སྡེ་ཁག་གིས་ལས་བྱེད་པ་རྒན་པའི་བྱ་བའི་དཔུང་སྡེར་མཐོང་ཆེན་དང་ཐུགས་ཁུར་བྱས་ནས། ཁོ་ཚོར་གསོ་སྐྱོང་སློབ་གསོ་གཏོང་བར་ཤུགས་སྣོན་པ་་དང་། སྤྲོ་སེམས་ཆེན་པོས་ཁོང་ཚོའི་འཚར་ལོངས་ཡར་ཐོན་ལ་ཐུགས་ཁུར་བྱེད་དགོས།

ཚོགས་འདུས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི་ཡིས་ཚོགས་འདུའི་ཐོག་གསུང་བཤད་གནང་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེས་ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ལས་བྱེད་པ་རྒན་པར་བརྩི་འཇོག་ཐུགས་ཁུར་དང་ལས་བྱེད་པ་རྒན་པའི་ལས་དོན་པར་བཅངས་པའི་ཐུགས་རེ་ཟབ་མོ་གང་ལེགས་སྒོས་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་བྱེད་པ་རྒན་པའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་རྩ་བའི་གཞི་འཛིན་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྩེ་སེམས་དང་འགན་འཁྲིར་བརྟེན་ནས་དུས་རབས་གསར་པའི་ལས་བྱེད་པ་རྒན་པའི་བྱ་བ་ཡག་པོ་སྒྲུབ་དགོས་ལ། བརྩེ་སེམས་ལྡན་པ་དང་ཞིབ་ཕྲ་ཡིན་པ། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་ཞབས་ཞུ་ཡག་པོ་སྒྲུབ་སྟེ། རྒྱ་ཆེ་བའི་ལས་བྱེད་པ་རྒན་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་པར་ཁྲིད་སྟོན་བྱེད་དགོས། ལས་བྱེད་པ་རྒན་པའི་ལས་དོན་སྡེ་ཁག་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ནས། ཧུར་ཐག་སྒོས་ཏང་གི་ཐུགས་བློ་བདེ་བ་དང་ལས་བྱེད་པ་རྒན་པའི་བློ་ཡིད་ཚིམ་པའི་དཔེ་སྟོན་སྡེ་ཁག་བསྐྲུན་ཞིང་། ཆབ་སྲིད་བརྟན་བརླིང་དང་སྤྱོད་ཚུལ་བཟང་བ། ལས་སྒོ་བྱང་ཆུབ་ཅིང་ཉམས་སད་ཐེག་པའི་དཔུང་ཁག་ཅིག་བསྐྲུན་དགོས།

ཚོགས་ཆེན་སྟེང་རྒྱལ་ཡོངས་ཀྱི་ལས་བྱེད་པ་རྒན་པའི་ལས་དོན་གྱི་སྔོན་ཐོན་ཐུན་མོང100དང་སྔོན་ཐོན་མི་སྒེར300ལ་གཟེངས་བསྟོད་བྱས་པ་རེད། སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་ཚོགས་འདུའི་སྟེང་གཏམ་བཤད་གནང་། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།