ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས་ཁེ་ལས་ཆུང་འབྲིང་གི་རྩིས་དངུལ་འགྱངས་ཆད་གཙང་སེལ་དང་ཞོར་ལས་པའི་གླ་ཆ་དུས་ཐོག་ཏུ་སྟེར་བར་འགན་ལེན་བྱེད་པའི་བྱ་ཐབས་བཀོད་སྒྲིག་བྱས་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ལས་རིགས་ནུས་རྩལ་གསོ་སྦྱོང་འཆར་འགོད་ལ་གྲོས་འཆམ་བྱུང་སྟེ། བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ལག་རྩལ་ནུས་རྩལ་འཇོན་མི་མགྱོགས་མྱུར་ངང་གསོ་སྐྱོང་བྱེད་དགོས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་གནང་ནས‘ཁེ་ལས་ཆུང་འབྲིང་གི་རྩིས་དངུལ་འགྱངས་ཆད་གཙང་སེལ་དང་ཞོར་ལས་པའི་གླ་ཆ་དུས་ཐོག་ཏུ་སྟེར་བར་འགན་ལེན་བྱེད་པའི་བྱ་ཐབས་བཀོད་སྒྲིག་གནང་བ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ལས་རིགས་ནུས་རྩལ་གསོ་སྦྱོང་འཆར་འགོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ལག་རྩལ་ནུས་རྩལ་འཇོན་མི་མགྱོགས་མྱུར་ངང་གསོ་སྐྱོང་བྱ་རྒྱུ་རེད། 

ཚོགས་འདུས་བསྟན་དོན། ཁེ་ལས་ཆུང་འབྲིང་གི་རྩིས་དངུལ་འགྱངས་ཆད་ལ་བཅོས་སྒྲིག་བྱ་རྒྱུ་དེ་ཐད་ཀར་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པར་རག་ལས་ཡོད། ད་ལོ་ནས་བཟུང་། རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་ལ་ཛ་དྲག་ཡིན་པའི་ཁོར་ཡུག་དང་རིམས་ནད་ས་གནས་མང་པོར་བྱུང་བ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་འོག ཁེ་ལས་ཆུང་འབྲིང་གིས་སྤྲོད་དགོས་པའི་རྩིས་ཁྲ་མགྱོགས་མྱུང་ངང་འཕར་བ་དང་། འགྱངས་ཆད་ཀྱི་གནས་ཚུལ་ཇེ་མང་དུ་ཕྱིན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ཤིང་། ཁྲོམ་རའི་གཙོ་གཞིའི་བླང་བྱ་གཞིར་བཟུང་ནས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁེ་ལས་ཆུང་འབྲིང་གི་རྩིས་དངུལ་འགྱངས་ཆད་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། གཅིག་ནས་ནན་ཏན་སྒོས《ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་གཏོང་སྤྲོད་འགན་ལེན་སྲོལ་ཡིག》ལག་བསྟར་བྱས་ཏེ། ཁྲོམ་རའི་ལེགས་ཆའི་གནས་བབ་གང་བྱུང་དུ་སྤྱད་ནས་བསམ་ངན་གྱིས་རྩིས་དངུལ་འགྱངས་ཆད་བྱེད་པའི་བྱེད་སྤྱོད་བཅོས་སྒྲིག་བྱེད་དགོས། ལས་ཁུངས་དང་ལས་དོན་་སྡེ་ཁག་གིས་ཁེ་ལས་ཆུང་འབྲིང་ནས་དངོས་ཟོག་དང་བཟོ་སྐྲུན། ཞབས་ཞུ་བཅས་ཉོ་སྒྲུབ་བྱེད་སྐབས། དངོས་ཟོག་དང་བཟོ་སྐྲུན། ཞབས་ཞུ་བཅས་རྩིས་སྤྲོད་བྱས་ཉིན་ནས་བརྩིས་པའི་ཉིན30ནང་ཚུན་དུ་གྲོན་དངུལ་གཏོང་སྤྲོད་བྱེད་དགོས། ཡུན་རིང་ནའང་ཉིན60ལས་བརྒལ་མི་ཆོག ལས་ཁུངས་དང་ལས་དོན་སྡེ་ཁག ཁེ་ལས་ཆེན་མོ་བཅས་ཀྱིས་བཙན་ཤེད་ཀྱིས་ཁེ་ལས་ཆུང་འབྲིང་ལ་ཚོང་ལས་དངུལ་འཛིན་སོགས་ཤོག་དངུལ་མ་ཡིན་པའི་གཏོང་སྤྲོད་བྱེད་སྟངས་དང་ལེན་བྱེད་དུ་འཇུག་མི་རུང་། ཚོང་ལས་དངུལ་འཛིན་གང་བྱུང་དུ་སྤྱད་དེ་རྣམ་བརྗེའི་སྒོ་ནས་ཁེ་ལས་ཆུང་འབྲིང་གི་མ་དངུལ་བདག་བཟུང་བྱེད་མི་ཆོག ཁེ་ལས་ཆེན་མོས་ལོ་འཁོར་སྙན་ཞུའི་ནང་སྤྱི་ཚོགས་ལ་དུས་ཚད་ལས་བརྒལ་ཡང་སྤྲད་མེད་པའི་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་ཁྱབ་བསྒྲགས་བྱེད་དགོས། གཉིས་ནས་ས་གནས་གཏོགས་ཁོངས་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་ཇེ་ནན་དུ་བཏང་ནས། རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། ལས་ཁུངས་དང་ལས་དོན་སྡེ་ཁག གཞུང་ཁོངས་ཁེ་ལས་ཆེ་གྲས་བཅས་ཀྱིས་ཁེ་ལས་ཆུང་འབྲིང་གི་མ་དངུལ་འགྱངས་ཆད་བྱས་པར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཏེ་འགན་འཁྲི་བདའ་འདེད་ནན་མོ་གཏང་བ་དང་། ཁ་དན་ཚིག་ལ་མ་གནས་པ་དག་ཡོངས་བསྒྲགས་དམར་འདོན་བྱེད་དགོས། གསུམ་ནས་ཕུགས་ཕན་ལམ་སྲོལ་འཛུགས་པར་ཤུགས་བསྣན་ཏེ། འཛུགས་སྐྲུན་ལས་གཞིའི་རིན་གོང་རྩིས་རྒྱག་པའི་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་བཏང་ནས། ལས་གཞིའི་འཕེལ་རིམ་གྱི་གྲོན་དངུལ་སྤྲོད་པའི་བསྡུར་ཚད་མཐོ་རུ་གཏང་དགོས། ཁག་ཐེག་ཡི་གེས(འགན་བཅོལ)ཁག་ཐག་དངུལ་གྱི་ཚབ་བྱེད་པ་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏང་དགོས། ཚོགས་འདུས་ནན་གྱིས་བསྟན་དོན། 《ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྲོལ་ཡིག》སོགས་ཁྲིམས་སྲོལ་གྱི་འབྲེལ་ཡོད་ལེ་ལག་ཚང་བའི་སྲིད་ཇུས་གང་མགྱོགས་སྒོས་བཏོན་ནས། རྩ་བའི་ཆ་ནས་རྩིས་དངུལ་འགྱངས་ཆད་ཀྱི་གནད་དོན་ཇེ་ཉུང་དང་འགོག་ཟོན་བྱེད་དགོས།   

ཚོགས་འདུས་བསྟན་དོན། ཞོར་ལས་པས་གླ་ཆ་དུས་ཐོག་དང་འདང་ངེས་རག་ཐུབ་པར་འགན་ལེན་བྱ་རྒྱུ་ནི་ཞོར་ལས་པའི་ཁྱིམ་ཚང་གི་གཞི་རྩའི་དམངས་འཚོ་དང་འབྲེལ་བའི་དོན་ཆེན་ཞིག་ཡིན། ལོ་མཇུག་དང་ལོ་མགོར་རྣམ་གྲངས་དང་ལས་གཞི་སྣ་ཚོགས་ཀྱི་མ་དངུལ་མཇུག་རྩིས་རྒྱག་པའི་དུས་ལ་ཏག་ཏག་ཁེལ་ཡོད་པས། དགུན་དུས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་ཞོར་ལས་པའི་གླ་ཆ་འགྱངས་ཆད་བྱེད་པར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་གཞི་འཛུགས་སྐྲུན་དང་ལྷག་པར་དུ་སྲིད་གཞུང་རང་བཞིན་གྱི་མ་འཇོག་དང་གཞུང་ཁོངས་ཁེ་ལས་རྣམ་གྲངས་གཙོ་གནད་དུ་བྱས་ཏེ། ཞོར་ལས་པའི་གླ་ཆའི་ཆེད་སྤྱོད་རྩིས་ཐོའི་གཏོང་སྤྲོད་དང་ཨར་ལས་ཀྱི་སྤྱི་འགན་གཙང་ལེན་ལས་ཁུངས་ཀྱིས་ཚབ་བྱེད་པ་སོགས་འགན་ལེན་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ནས། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། ཁྲིམས་དང་སྒྲིག་སྲོལ་ལྟར་གླ་ཕོགས་ཆད་པའི་བྱ་སྤྱོད་ལ་ཆད་པ་ནན་མོ་བཅད་ཅིང་། འགན་འཛོལ་གྱི་གཞུང་ཁོངས་མི་སྣར་བརྡ་ཁྱབ་དང་འགན་འཁྲི་བདའ་འདེད་བཏང་ནས། ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། ལས་རིགས་ནུས་རྩལ་གསོ་སྦྱོང་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། ལས་བཟོ་བ་དང་ཞོར་ལས་པ། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་སོགས་ཁ་གསབ་རང་བཞིན་གྱི་གསོ་སྦྱོང་མི་ཐེངས་དུང་ཕྱུར1ཙམ་བྱས་པ་དང་། ལྷག་པར་དུ་ལས་ཤོར་འགན་བཅོལ་ཐེབས་རྩ་སྤྱད་དེ་ལས་རིགས་ནུས་རྩལ་མཐོར་འདེགས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་ནས། ལས་གནས་བརྟན་བརླིང་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། ལས་ཞུགས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཤིང་ཁྲོམ་རའི་དགོས་མཁོ་དང་འཚམ་པར་བྱས་ཏེ། ལས་རིགས་ནུས་རྩལ་གསོ་སྦྱོང་རྒྱ་སྐྱེད་དང་སྤུས་ཚད་མཐོ་འདེགས་ལ་སྐུལ་འདེད་གཏང་དགོས། གཅིག་ནས་ལས་རིགས་སློབ་གླིང་སློབ་གྲྭ་སྣ་ཚོགས་དང་ལས་རིགས་གསོ་སྦྱོང་སྒྲིག་གཞིས་གསོ་སྦྱོང་སྤེལ་བར་རྒྱབ་སྐྱོར་དང་། ཁེ་ལས་ཀྱི་གསོ་སྦྱོང་གཙོ་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། ལས་གནས་བརྟན་བརླིང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། ལས་བཟོ་བའི་རྩལ་ནུས་གསོ་སྦྱོང་གི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། གཉིས་ནས་ཀྲུང་དབྱང་སྔོན་རྩིས་ཀྱི་མ་དངུལ་གྱིས་སྤྱི་པའི་དངོས་སྦྱོང་ལྟེ་གནས་འཛུགས་སྐྲུན་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། གསོ་སྦྱོང་གྲོན་དངུལ་དཔྱ་ཁྲལ་མ་འཇལ་སྔོན་གྱི་འཕྲི་འཐེན་སྲིད་ཇུས་དོན་འཁྱོལ་བྱེད་དགོས། གསོ་སྐྱོང་སྦྱོང་བརྡར་ལ་སྤྱོད་པའི་འབྲེལ་ཡོད་སྒྲིག་ཆས་ཉོ་བར་ཁྲལ་བསྡུའི་རྒྱབ་སྐྱོར་བྱེད་དགོས། མུ་མཐུད་དུ་ལས་ཤོར་འགན་བཅོལ་ཐེབས་རྩ་སྤྱད་དེ་ལས་གནས་བརྟན་བརླིང་དང་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པར་ཞིབ་འཇུག་བྱེད་དགོས། གསུམ་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་སོགས་ནུས་རྩལ་ལྡན་པའི་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱི་ཡི་ལས་ཞུགས་ལས་སྐྲུན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། ཞོར་ལས་པ་མི་ཐེངས་ཁྲི3000ཡན་གསོ་སྦྱོང་བྱེད་དགོས། ལས་ཞུགས་ལས་སྐྲུན་ལ་ཁ་ཕྱོགས་ཏེ། ལས་རིགས་སློབ་གསོ་དང་གསོ་སྦྱོང་སྤུས་ཚད་ཇེ་མཐོར་གཏང་དགོས། 

ཚོགས་འདུས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།