ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་གིས་སོ་སོར་ཀྲུང་གོ་དང་ཨུ་རུ་སུའི་ཚན་རྩལ་གསར་གཏོད་ལོའི་མཇུག་སྒྲིལ་མཛད་སྒོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་དང་ལྷན་དུ། སོ་སོར་ཀྲུང་གོ་དང་ཨུ་རུ་སུའི་ཚན་རྩལ་གསར་གཏོད་ལོའི་མཇུག་སྒྲིལ་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོའི་ཟླ་བརྒྱད་པར་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀའི་ཚན་རྩལ་གསར་གཏོད་ལོའི་མགོ་རྩོམ་མཛད་སྒོར་ང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་སོ་སོར་འཕྲིན་ཡིག་གི་ལམ་ནས་རྟེན་འབྲེལ་ཞུས་ཏེ་རེ་བ་ཆེན་པོ་བཅོལ།  ལོ་གཅིག་ལྷག་གི་རིང་ལ། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀས་མཉམ་དུ་ལག་གདང་སྦྲེལ་ཏེ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགལ་རྐྱེན་ཅི་རིགས་ཁྱད་སེལ་བྱས་ནས། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཚན་རྩལ་གསར་གཏོད་དང་མཉམ་ལས་བརྗེ་རེས་ཀྱི་བྱེད་སྒོ་ཆིག་སྟོང་ལྷག་ཙམ་སྤེལ་ཡོད་ཅིང་། རྒྱལ་ཁབ་གཉིས་ཀའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་མཁའ་འགྲུལ། ཉིང་རྡུལ་ནུས་པ། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་ཁག་ཅིག་ཐོབ་པར་སྐུལ་འདེད་ཧུར་ཐག་བཏང་བ། ཀྲུང་ཨུའི་མཉམ་འབྲེལ་ཚན་རྩལ་གསར་གཏོད་ཐེབས་རྩ་བདེ་བླག་ངང་སྤེལ་བ། འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་ལས་གཞི་ཆེ་གྲས་ཀྱི་མཉམ་ལས་ལ་འཕེལ་རྒྱས་གལ་ཆེན་ཡོང་བ་བཅས་བྱས་ཡོད།  ཀྲུང་ཨུ་རྒྱལ་ཁབ་གཉིས་ཀའི་ཚན་རྩལ་གསར་གཏོད་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་དང་མདུན་ལམ་རྒྱ་ཆེན་པོ་ཡོད་པ་ལག་ལེན་གྱི་སྟེང་ནས་ར་སྤྲད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཨུ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་ཡིན་པས། དེང་སྐབས་ཀྱི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་གར་སྟེགས་སྟེང་མཉམ་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཕྱོགས་གཉིས་ཀས་མི་རབས་ནས་མི་རབས་བར་མཛའ་མཐུན་འབྲེལ་བ་དང་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་དོན་ལྡན་གཏོང་བ་དང་། ཀྲུང་ཨུའི་འབྲེལ་བ་སྔར་ལས་སྤུས་ཚད་མཐོ་ཞིང་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་སྣོན་དགོས།

ཕུའུ་ཅིན་གྱིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ཕྱོགས་གཉིས་ཀའི་མཉམ་དུ་འབད་འབུངས་ལྷོད་མེད་བྱས་པའི་འོག་ཏུ། ཨུ་རུ་སུ་དང་ཀྲུང་གོའི་ཚན་རྩལ་གསར་གཏོད་ལོའི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་འདིའི་སྟེང་ནས། རྒྱལ་ཁབ་གཉིས་ཀས་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བའི་སྒྲོམ་གཞིའི་འོག་ཏུ། ཚན་རྩལ་མཉམ་ལས་ཀྱི་དོན་སྙིང་གལ་ཆེན་གང་མང་མངོན་ཡོད་པ་མཚོན། ལོ་གཉིས་ཀྱི་རིང་ལ། ཨུ་ཀྲུང་ཚན་རིག་ཞིབ་འཇུག་ལས་བྱེད་པས་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ཁྱད་བསད་བྱས་ནས། ཚན་རིག་ཞིབ་འཇུག་གི་བྱེད་སྒོ་ཆིག་སྟོང་ལྷག་ཙམ་དོན་འཁྱོལ་བྱས།  ཀྲུང་གོ་ཕྱོགས་ལྕི་བའི་གྱེས་རྡུལ་གེགས་མེད་མཉམ་འགྲོས་སྣོན་ཆས(NICA)ཚན་རིག་ཆེ་མོའི་སྒྲིག་ཆས་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པ་དང་། ཕྱོགས་གཉིས་ཀས་ཨུ་ཀྲུང་རྩིས་རིག་ལྟེ་གནས་བཙུགས་པ་སོགས་པ་ནི་མཉམ་ལས་ཁྲོད་ཀྱི་གྲུབ་འབྲས་་གལ་ཆེ་ཤོས་སུ་གྱུར་ཡོད། ཕྱོགས་གཉིས་ཀས་མི་རབས་ནས་མི་རབས་བར་མཛའ་མཐུན་འགྲོ་འོང་དང་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ཨུ་ཀྲུང་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་སྣོན་རྒྱུའི་ཡིད་ཆེས་ཡོད།

ཀྲུང་གོ་དང་ཨུ་རུ་སུའི་ཚན་རྩལ་གསར་གཏོད་ལོ་འཁོར་ཉིན་དེར་དངོས་སུ་མཇུག་སྒྲིལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།