ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས22ནས23ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལི་ཆང་དང་ཧྲི་ཀྲང་ཀུང་ཀྲེང་གི་ཕེབས་རོགས་འོག ཧྲང་ཧེ་རུ་རྟོག་ཞིབ་གནང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། རིགས་སོ་སོའི་ཁྲོམ་རའི་བདག་གཉེར་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་ཕན་པའི་ཁོར་ཡུག་བཟང་པོ་གཏོད་དེ། དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

པར་འདི་ནི་ལི་ཁེ་ཆང་གིས་ཧྲང་ཧའེ་ཝེ་ཀའོ་ཆའོ་རྒྱལ་སྤྱིའི་རིག་ནུས་བཟོ་སྐྲུན་ཞབས་ཞུའི་ཐོན་ལས་གླིང་དུ་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱི་འགན་འཁུར་བ་མང་པོ་དང་བསམ་བློ་བརྗེ་རེས་བྱེད་བཞིན་པའི་ཚུལ་རེད། 

ཧྲང་ཧེའི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ། ལི་ཁེ་ཆང་གིས་དེ་གར་བཅོས་སྒྱུར་སྒོ་འབྱེད་བྱས་པ་བརྒྱུད་མ་འཇོག་དང་ཚོང་དོན། དངུལ་རྩ་སོགས་ཀྱི་ཐད་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པར་ཁས་ལེན་གང་ལེགས་བྱས། ཁོང་གིས་ཁྱེད་ཚོ་རྒྱལ་ཡོངས་ཀྱི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དང་པོ་ཡིན་པའི་ཆ་ནས། མུ་མཐུད་དུ་སྔོན་འགྲོ་སྔོན་ཚོད་ཀྱིས་ཉམས་མྱོང་གསར་པ་བླངས་ཏེ། རྒྱལ་ཡོངས་ལ་མིག་དཔེ་སྔར་བས་ལེགས་པོ་སྟོན་དགོས་ཞེས་གསུངས། ལི་ཁེ་ཆང་གིས་ཝེ་ཀའོ་ཆའོ་རྒྱལ་སྤྱིའི་རིག་ནུས་བཟོ་སྐྲུན་ཞབས་ཞུའི་ཐོན་ལས་གླིང་དུ་རྟོག་ཞིབ་གནང་སྐབས། རྩེར་སོན་རིག་ནུས་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱི་འགན་འཁུར་བ་མང་པོ་དང་བསམ་བློ་བརྗེ་རེས་བྱས། ཁོང་གིས་ཉེ་བའི་ལོ་འགའི་རིང་། ང་ཚོས་རྒྱུན་མཐུད་ངང“གློད་སྡོམ་ཞབས”གསུམ་གྱི་བཅོས་སྒྱུར་ལ་སྐུལ་འདེད་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། མ་འཇོག་གི་ལྡོག་ཕྱོགས་གསལ་ཐོ་ཇེ་ཉུང་དུ་ཕྱིན་ཡོད། ཁྱོད་ཚོ་ལོ་མང་རིང་ཀྲུང་གོར་འཕེལ་རྒྱས་བྱུང་བས་མྱོང་ཚོར་ཡོད་ངེས། ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒོ་ཆེན་སྔར་བས་ཆེ་རུ་འགྲོ་བ་དང་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་ནན་མོ་བྱས་ཏེ། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་སྔར་བས་མང་བས་ཀྲུང་གོར་མ་འཇོག་ལས་གཏོད་བྱེད་པར་བློ་བདེ་པོ་ཡོད་ཅེས་གསུངས། ལི་ཁེ་ཆང་གིས་ཀྲུང་གོའི་ཁེ་ལས་ཀྱིས་འཛམ་གླིང་ལ་ཁ་ཕྱོགས་པ་དང་མཐོང་རྒྱ་ཆེ་རུ་བཏང་ནས། སྒོ་འབྱེད་ཁྲོད་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། མི་འགྱངས་བར་གོ་འཐུས་པའིRCEPདེ་གོ་ལ་ཧྲིལ་པོའི་རང་མོས་ཚོང་དོན་ཁུལ་ཆེ་ཤོས་སུ་འགྱུར་རྒྱུ་དང་། ཚད་གཞི་སྔར་བས་མཐོ་བའི་ཚོང་དོན་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་གྱི་གོ་སྐབས་ཡག་པོ་སྤྱད་ནས་མཉམ་ལས་གཉིས་རྒྱལ་གྱི་བར་མཐོངས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

ལི་ཁེ་ཆང་གིས་ད་དུང་ཧྲང་ཧའེ་ཝེ་ཀའོ་ཆའོ་གློག་འདོན་ཀུང་ཟི་གསུམ་པར་རྟོག་ཞིབ་གནང་ཤིང་། ཁོང་གིས་གློག་ཤུགས་ནི་དཔལ་འབྱོར་འཁོར་སྐྱོད་ཀྱི་སྒུལ་ཤུགས་ཡིན་པས། བྱ་ཐབས་སྣ་མང་སྤྱད་དེ་ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོ་དང་ཁེ་ལས་ཀྱི་རྒྱུན་གཏན་ཐོན་སྐྱེད་གློག་སྤྱོད་ལ་འགན་ལེན་བྱེད་དགོས། གློག་འདོན་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་ནུས་ཤུགས་གང་མང་འདོན་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱིས་སོལ་གློག་ཁེ་ལས་ཀྱི་དཔྱ་ཁྲལ་ཕྱིར་འགྱངས་བྱེད་པ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱེད་པ་དང་། མཐུན་སྦྱོར་བཀོད་གཏོང་ལེགས་པོ་བྱེད་པ། གློག་ནུས་རྡོ་སོལ་མཁོ་སྤྲོད་གཏན་འཇགས་ཡོང་བ་བཅས་ལ་འགན་ལེན་བྱེད་པ་དང་། ས་གནས་ཁ་ཤས་སུ་གློག་ཤུགས་མི་འདང་བའི་གནད་དོན་ཐག་གཅོད་བྱས་ཏེ། “གློག་ཚོད་འཛིན་དང་ཐོན་སྐྱེད་མཚམས་འཇོག་པའི”སྣང་ཚུལ་གསར་པ་འབྱུང་བར་སྔོན་འགོག་བྱེད་དགོས། རང་རྒྱལ་གྱི་ནུས་རྒྱུའི་སྤུས་ཚད་དང་རྡོ་སོལ་གཙོ་བོ་ཡིན་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་གཞི་ཚུགས་ཏེ། རྒྱལ་ཁབ་ཀྱིས་གསར་དུ་བཏོན་པའི་ཆེད་དོན་དངུལ་བུན་བསྐྱར་གཏོང་སྲིད་ཇུས་ཡག་པོ་སྤྱད་ནས། ནུས་ཕྱོད་ཆེ་རུ་གཏོང་བའི་སྔོན་ཐོན་ལག་རྩལ་ཁྱབ་གདལ་དང་། རྡོ་སོལ་དང་དྭངས་གཙང་ནུས་རྒྱུ་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

 

པར་འདི་ནི་ཟླ11པའི་ཚེས22ཉིན་ལི་ཁི་ཆང་གིས་ཧྲང་ཧའེ་ཝེ་ཀའོ་ཆའོ་གློག་འདོན་ཀུང་ཟི་གསུམ་པར་རྡོ་སོལ་དང་དྭངས་གཙང་ནུས་རྒྱུ་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྟོག་ཞིབ་མཛད་པའི་ཚུལ་རེད།  

ལི་ཁེ་ཆང་ལས་ཞུགས་སྐུལ་སྤེལ་ལྟེ་གནས་སུ་ཕེབས་ནས། ཧྲང་ཧའེ་གྲོང་ཁྱེར་གྱིས་ལས་ཞུགས་རྒྱ་སྐྱེད་དང་བབ་བསྟུན་ལས་ཞུགས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་གྱི་སྙན་ཞུ་གསན། ལྟེ་གནས་ཀྱི་དངོས་སྦྱོང་བྱ་ཡུལ་དུ་ལི་ཁེ་ཆང་གིས་རྩལ་ནུས་གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཚོ་དང་བསམ་བློ་བརྗེ་རེས་བྱས། ཁོང་གིས་ད་ལྟ་རྩལ་ནུས་ཆེ་བའི་ཤེས་ལྡན་པ་དཀོན་པས། ཁྱོད་ཚོས་གོ་སྐབས་ལ་གཅེས་སྤྲས་དང་ལག་རྩལ་བྱང་ཆུབ་པ་སྦྱངས་ནས། ལས་ཞུགས་ནུས་པ་ཆེ་རུ་གཏོང་དགོས་ཞེས་སྐུལ་ལྕག་གནང་། ལི་ཁེ་ཆང་གིས་ཡུལ་དངོས་ཀྱི་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་འགན་འཁུར་བར་དཀའ་ངལ་ཅི་ཞིག་ཡོད་པ་དང་། རྒྱལ་ཁབ་ཀྱིས་ཕྱོགས་གང་དག་གི་སྲིད་ཇུས་འདོན་པའི་རེ་བ་ཡོད་ཅེས་བཀའ་འདྲི་གནང་བ་དང་། ཚང་མས་ཁེ་ལས་ལ་ཁྲལ་འཕྲི་ཡོན་གཅོག་གི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་དགོས་པའི་གྲོས་མགོ་བཏོན། ལི་ཁེ་ཆང་གིས་ང་ཚོས་ཁྱེད་ཚོའི་དཀའ་ངལ་དངོས་ལ་གཞིགས་ཏེ་མུ་མཐུད་དུ་བྱེད་ཐབས་སྤྱད་ནས་ཐག་གཅོད་བྱེད་རོགས་བྱ་རྒྱུ་ཡིན་པ་ལ། དེ་ལྟར་བྱས་ན་ཁྱེད་ཚོའི་ཡིད་ཆེས་ཀྱང་སྔར་བས་ཆེ་རུ་འགྲོ་ངེས་ཡིན། མུ་མཐུད་དུ་ཁྲོམ་རའི་བདག་གཉེར་བའི་རེ་སྒུག་ལ་དམིགས་ནས་སྲིད་ཇུས་བཏོན་ཏེ། ཁྲོམ་རའི་བདག་གཉེར་བར་འགན་ལེན་ཧུར་ཐག་བྱས་ཚེ། ལས་ཞུགས་ཀྱི་དམངས་འཚོ་ཆེ་ཤོས་དེར་ཡང་འགན་ལེན་བྱེད་ཐུབ། ཀྲུང་གོའི་མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་མི་དམངས་ལས་ལ་བརྩོན་པས། ཀུན་གྱིས་ལས་གཏོད་དང་ཀུན་གྱིས་གསར་གཏོད་བྱ་བར་རྒྱུན་མཐུད་དུ་སྐུལ་འདེད་བཏང་སྟེ། ལས་ཞུགས་སྔར་བས་མང་བོར་སྐུལ་ཁྲིད་བྱེད་པ་དང་། ལས་གཏོད་གསར་གཏོད་ཀྱི་གསོན་ཤུགས་སྔར་བས་ཆེ་རུ་འཕེལ་བར་བྱེད་དགོས་ཤིང། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེན་པོ་འདོན་སྤེལ་བྱས་ཏེ། དཔལ་འབྱོར་ཆག་པའི་གནོན་ཤུགས་བཏེགས་ནས་རྒྱུན་མཐུད་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་བྱེད་དགོས་ཞེས་གསུངས།  

ལི་ཁེ་ཆང་གིས་ཧྲང་ཧེའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག མུ་མཐུད་དུ་བཅོས་སྒྱུར་སྒོ་འབྱེད་དང་གསར་འབྱེད་གསར་གཏོད་ཀྱི་མདུན་གྲལ་དུ་སྐྱོད་ནས། རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་ཆེ་བ་འབུལ་བའི་བླང་བྱ་བཏོན། 

ཞོ་ཅེ་ཡིས་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།