ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་བཅའ་ཁྲིམས་ཀྱི་དྲིལ་སྒྲོག་དང་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་གྱི་བཞུགས་མོལ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་མཐོང་ཆེན་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ་དང་། ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་བཅའ་ཁྲིམས་དྲིལ་སྒྲོག་ཁྱབ་གདལ་དང་ལག་བསྟར་བྱ་བར་སྐུལ་འདེད་བཏང་ནས། ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁྱིམ་ཚང་བདེ་སྐྱིད་དང་སྤྱི་ཚོགས་འཆམ་མཐུན་ལ་ཤུགས་སྣོན་རྒྱག་ཆེད་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན། 

པར་འདི་ནི་ཚེས22ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་བཞིན་པའི་ཚུལ་རེད།  

ལི་ཀྲན་ཧྲུའུ་ཡིས་ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་གཞི་རྩའི་གྲུབ་ཆ་ཡིན་པས། ཁྱིམ་ཚང་གི་མདུན་ལམ་དང་ལས་དབང་དེ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་དང་དམ་པོར་འབྲེལ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཁུར་བའི་དུས་རབས་གྱི་མི་སྣ་གསར་བ་གསོ་སྐྱོང་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱུན་འཛིན་མཁན་ལ་འགན་ལེན་བྱེད་པའི་མཐོ་ཚད་ཐོག་ནས། ཁྱིམ་ཚང་སློབ་གསོའི་སྐོར་ལ་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་བའི་ཐོག་ཁྱིམ་ཚང་སློབ་གསོའི་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་ནས། ཁྲིམས་འཛུགས་པར་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱིས་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་ལ་མཐོང་ཆེན་བྱེད་པར་ཁྲིད་སྟོན་བྱས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོ་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་ཡར་ཐོན། སྤྱི་ཚོགས་འཆམ་མཐུན་གྱི་གཞི་ཚུགས་ས་གལ་ཆེན་དུ་འགྱུར་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་བསྟན། 

ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་བརྡ་ལན་ཧུར་ཐག་སློག་པ་དང་། ཁྱིམ་ཚང་སློབ་གསོའི་ཁྲིམས་འཛུགས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས། ད་ལོའི་ཟླ10པར་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་བཅའ་ཁྲིམས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། བཅའ་ཁྲིམས་དེ་བཟོ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཁྱིམ་ཚང་གི་སློབ་གསོར་སྐུལ་སྤེལ་བྱེད་པའི་བཅའ་ཁྲིམས་ནང་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་བྱེད་པའི་ཁྲིམས་འཛུགས་ཀྱི་དམིགས་ཡུལ་མཚོན་ཡོད་པས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལེགས་པར་སྤྱད་དེ་ཐུན་མོང་ཐོག་ཁྱིམ་ཚང་སློབ་གསོའི་ལས་དོན་ཡག་པོར་སྒྲུབ་པའི་བཅའ་ཁྲིམས་ཤིག་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་གཙོ་རྐང་དུ་བྱེད་པའི་བཅའ་ཁྲིམས་ཤིག ནར་མ་སོན་པའི་མི་ཕྱོགས་ཡོངས་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཤིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་ཞེས་བསྟན། 

 ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཧྲིལ་པོ་མངོན་འགྱུར་བྱེད་པའི་མཐོ་ཚད་ཐོག་ནས་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་གྱི་བཅའ་ཁྲིམས་ལ་གོ་བ་ཡང་དག་བླངས་ཏེ། འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས། བཅའ་ཁྲིམས་དེའི་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་དམ་འཛིན་བྱས་ཏེ་ཕན་འབྲས་ཐོན་དགོས། གཅིག་ནས“ཀུན་སྤྱོད་གཙོ་བོར་བྱེད་པའི”སྟོན་ཕྱོགས་མངོན་གསལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རྒྱུན་འཛིན་མི་སྣ་གསོ་སྐྱོང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཇེ་ཟབ་དུ་གཏོང་བ། གསར་བརྗེའི་རིག་གནས་ཐོན་ཁུངས་ལེགས་པོ་སྤྱད་ཅིང་། ཏང་གི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྱིམ་ཚང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་དགོས། གཉིས་ནས་ནར་མ་སོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མཁན་གཞན་དག་གིས་ཁྱིམ་ཚང་སློབ་གསོའི་འགན་འཁྲི་གཙོ་བོ་འཁུར་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། བྱང་ཚད་སློབ་གསོའི་རྩ་བའི་འདུ་ཤེས་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་ཁྱིམ་ཚང་དུ་དོན་འཁྱོལ་བྱེད་དགོས། གསུམ་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཕྱོགས་སོ་སོས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུའི་མ་ལག་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། ཁྱིམ་ཚང་སློབ་གསོ་དང་ལྷག་པར་དུ་གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་གསོར་རོགས་རམ་བྱེད་དགོས། བཞི་ནས་ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་ལེགས་པར་སྤྱོད་པ་དང་། ལྷག་པར་དུ་སློབ་གྲྭ་དང་ཁྱིམ་ཚང་གི་གཞོགས་འདེགས་ཡག་པོ་བྱས་ཏེ། སྤྱི་ཚོགས་མཐུན་སྦྱོར་དང་ཐུན་མོང་ཤུགས་འདོན། འབྲེལ་ཐག་ཧྲིལ་པོ་བཅས་ཀྱི་ལས་ཀའི་ལམ་སྲོལ་ཆགས་དགོས། ལྔ་ནས་སྣ་མང་རང་བཞིན་གྱི་བཅའ་ཁྲིམས་དྲིལ་སྒྲོག་དང་སློབ་གསོ་ཁྱབ་གདལ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། དམིགས་ཡུལ་ལྡན་པའི་སྒོ་ནས་དོགས་གནད་བསལ་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བཅའ་ཁྲིམས་དེར་དངོས་ནས་རྒྱུས་ལོན་དང་། བརྩི་བཀུར། ལག་ལེན་བཅས་བྱས་ནས། རང་རྟོགས་ངང་རང་རང་གི་འགན་འཁྲི་འཁུར་དགོས་ཞེས་ནན་གྱིས་བསྟན།   

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཁྲུན་ཞན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་བ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧྲེན་ཡུའེ་ཡུའེ་དང་། ཨའེ་ལི་ཀེང་དབྱི་མིང་པ་ཧེ་བཅས་བཞུགས་མོལ་ཚོགས་འདུར་ཞུགས། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་དང་། སློབ་གསོ་པུའུ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་། དམངས་སྲིད་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ཁྱིམ་བདག་གི་འཐུས་མི་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།