ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་སི་ལེ་ཡི་ཙུང་ཐུང་ཧེར་ཙའོ་ཀི་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་སི་ལེ་ཡི་ཙུང་ཐུང་ཧིར་ཙའོ་ཀི་ལ་ཁ་པར་བཏང་། 

 ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་དང་ཡིའུ་ཐའེ་མི་རིགས་ལ་རྒྱུན་རིང་པའི་ལོ་རྒྱུས་དང་ཤེས་དཔལ་ལྡན་ལ། ཕྱོགས་གཉིས་ཀྱི་མཛའ་བརྩེའི་འགྲོ་འོང་ཡང་ཡུན་རིང་ཞིང་། བརྗེད་པར་དཀའ་ལ་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཡོད། ཀྲུང་གོ་དང་དབྱི་སི་ལེ་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་བདག་དབང་ལ་བརྩི་འཇོག་དང་། ཕན་ཚུན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་སོགས་ཀྱི་རྩ་དོན་གལ་ཆེན་ལ་བརྩི་སྲུང་ནན་མོ་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ལ། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་ཀྲུང་གོ་དང་དབྱི་སི་ལེ་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཡོད། དབྱི་སི་ལེ་དང་མཉམ་དུ་སང་ལོ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཏེ། ཀྲུང་གོ་དང་དབྱི་སི་ལེའི་ཁྱོན་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ། བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལེགས་ཆ་གསབ་རེས་ཡིན་པས། གཞི་ནས་གཉིས་ཁེ་མཉམ་རྒྱལ་གྱི་མཉམ་ལས་བྱེད་ཐུབ། ཀྲུང་གོའི་ཁེ་ལས་ཁག་ཅིག་ཧུར་ཐག་སྒོས་དབྱི་སི་ལེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་པ་དང་། དབྱི་སི་ལེའི་གསར་གཏོད་ཁེ་ལས་མང་པོ་ཀྲུང་གོར་གཞིས་ཆགས་ནས་འཕེལ་རྒྱས་བྱུང་ཡོད། ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་ཏེ་ཧའེ་ཧྥ་གྲུ་ཁ་གསར་པ་དང་། ཀྲུང་དབྱིའི་ཁྲང་ཀྲོའུ་གསར་གཏོད་གླིང་། ཧྲང་ཧའེ་གསར་གཏོད་གླིང་སོགས་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་བཏོད་པ་དང་། གསར་གཏོད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་བཀྲག་མདངས་འཚེར་ས་དང་སྐུལ་འདེད་གཏོང་ཆས་སུ་གྱུར་ཡོད། ཀྲུང་གོས་དབྱི་སི་ལེ་དང་མཉམ་དུ་ཚན་རྩལ་དང་། ཞིང་ལས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དང་རིག་གནས་དང་། སློབ་གསོ། ཡུལ་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་མཉམ་ལས་རྒྱ་ཆེར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་དམངས་འདོད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད། དབྱི་སི་ལེ་ཧུར་ཐག་སྒོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོར་ཞུགས་པར་དགའ་བསུ་ཞུ། 

ཧིར་ཙའོ་ཀི་ཡིས་བསྟན་དོན། དབྱི་སི་ལེ་ཡིས་ཀྲུང་གོའི་ཡུན་རིང་བའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་རིག་གནས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་མགོ་ཁྲིད་འོག་ཀྲུང་གོ་མི་དམངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་སྙིང་དབུས་ནས་ཡིད་སྨོན་བྱེད་ཀྱིན་ཡོད། ཀྲུང་གོའི་མི་དམངས་ཀྱིས་ཡ་གུ་དཱ་པའི་ཡུལ་གྱར་བར་རོགས་རམ་ཤུགས་ཆེན་བྱས་པ་དེ་དབྱི་སི་ལེའི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། དབྱི་སི་ལེ་ཡིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། དབྱི་སི་ལེ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། དབྱི་སི་ལེ་ཡིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་བྱེད་སྒོ་ཡག་པོ་གཉེར་ནས། ཚན་རྩལ་དང་གསར་གཏོད། དཔལ་འབྱོར། ཞིང་ལས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། 

རྒྱལ་ཁབ་གཉིས་ཀྱིས་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་བསམ་འཆར་བརྗེ་རེས་བྱས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་སྔར་ནས་བཟུང་དབྱི་སི་ལེ་དང་ཕ་ལེ་སི་ཐན་ཕྱོགས་གཉིས་ཀྱིས“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”རྨང་གཞིའི་ཐོག་གླེང་མོལ་དང་གྲོས་མོལ་བརྒྱུད་ཞི་བདེ་མཉམ་གནས་ཡོང་བའི་འདོད་ཚུལ་འཛིན་གྱིན་ཡོད། ཀྲུང་གོ་ནི་ཐོག་མཐའ་ཀུན་དུ་དབུས་ཤར་གྱི་ཞི་བདེར་སྲུང་སྐྱོང་བྱེད་མཁན་དང་། དབུས་ཤར་ས་ཁུལ་འཕེལ་རྒྱས་གཏོང་མཁན་ཞིག་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དབུས་ཤར་གྱི་བདེ་འཇགས་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།