ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་དྲ་རྒྱའི་དཔལ་ཡོན་ཚོགས་ཆེན་སྐབས་དང་པོ་ཟླ11པའི་ཚེས19ཉིན་པེ་ཅིང་དུ་བསྡུ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས16ཉིན། གསར་འགོད་པས་རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན།  ཀྲུང་གོའི་དྲ་རྒྱའི་དཔལ་ཡོན་ཚོགས་ཆེན་སྐབས་དང་པོ་ཟླ11པའི་ཚེས19ཉིན་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་བསྡུ་རྒྱུ་རེད། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“ཡར་སྐྱེད་ཀྱི་ནུས་ཤུགས་གཅིག་ཏུ་བསྡུས་ནས་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་བྱེད”ཅེས་པ་དེ་ཡིན་ལ། ཚོགས་ཆེན་སྟེང་དུས་རབས་གསར་བའི་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དོན་ཆེན་བཅུ་དང་དྲ་རྒྱའི་དཔལ་ཡོན་མཉམ་སྐྲུན་བྱེད་པའི་བྱ་འགུལ་སྤེལ་རྒྱུའི་གྲོས་འགོ་འདོན་རྒྱུ་རེད། 

ཚོགས་ཆེན་དེ་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་ཀྲུང་དབྱང་དཔལ་ཡོན་གཞུང་ལས་ཁང་། ཀྲུང་གུང་པེ་ཅིང་གྲོང་ཁྱེར་ཏང་ཨུ། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའམ་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུང་རེན་གཞོན་པ་ཧྲིན་རོང་ཧྥ་ཡིས་ཚོགས་ཐོག་ཏུ་བཤད་རྒྱུར།  ཐེངས་འདིའི་ཚོགས་འདུས་རང་རྒྱལ་གྱི་དྲ་རྒྱའི་དཔལ་ཡོན་གྱི་འདུ་ཤེས་དྲིལ་སྒྲོག་བྱེད་པའི་སྟེགས་བུ་དང་། ཉམས་མྱོང་བརྗེ་རེས་བྱེད་པའི་སྟེགས་བུ། གྲུབ་འབྲས་འགྲེམ་སྟོན་བྱེད་པའི་སྟེགས་བུ། རྒྱལ་སྤྱིའི་དྲ་རྒྱའི་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པའི་སྟེགས་བུ་བཅས་བསྐྲུན་རྒྱུ་དམིགས་སུ་བཟུང་ཡོད་ལ། ནང་དོན་ལ་མགོ་རྩོམ་མཛད་སྒོ་དང་གླེང་སྟེགས་གཙོ་གྲས། ཡན་ལག་གི་གླེང་སྟེགས་བཅས་འདུས་ཡོད། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། དྲ་སྦྲེལ་ཁེ་ལས་དང་དྲ་རྒྱའི་སྤྱི་ཚོགས་རྩ་འཛུགས་ཀྱི་འཐུས་མི། ཆེད་ལས་མཁས་པ། དྲ་དམངས་ཀྱི་འཐུས་མི་བཅས་ཀྱིས་ཚོགས་ཐོག་ཏུ་གླེང་མོལ་བརྗེ་རེས་བྱ་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་ཧུར་ཐག་སྒོས་བདེ་ཐང་གི་དྲ་རྒྱའི་རིག་གནས་གོང་སྤེལ་དུ་གཏོང་བ་དང་། དྲ་རྒྱའི་སྐྱེ་ཁམས་ལ་གཙང་བཟོ་དང་དྲ་རྒྱའི་བར་སྟོང་ལ་བཅུད་སྦྱོར་བཅས་བྱས་ཏེ། དྲ་དམངས་ཁྲི་སྟོང་མང་པོའི་འདོད་བློ་སྐོང་ཅི་ཐུབ་བྱ་རྒྱུ་དེ་རེད། དེ་དང་དུས་མཚུངས་སུ། འདུ་ཤེས་དྲིལ་སྒྲོག་དང་ཉམས་མྱོང་བརྗེ་རེས། གྲུབ་འབྲས་འགྲེམ་སྟོན། རིག་གནས་དཔྱད་གཞིར་འཛིན་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཁྱོན་ཡོངས་ནས་དཔལ་ཡོན་ལྡན་པའི་ངང་ནས་དྲ་བ་སྒྲུབ་པ་དང་། དཔལ་ཡོན་ལྡན་པའི་ངང་ནས་དྲ་བཀོལ་བ། དཔལ་ཡོན་ལྡན་པའི་ངང་ནས་དྲ་སྟེང་དུ་ཞུགས་པ། དཔལ་ཡོན་ལྡན་པའི་ངང་ནས་དྲ་བ་དར་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་པ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་རྒྱུ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་འབྱུང་ཆེད་བསམ་བློའི་འགན་ལེན་བརྟན་པོ་དང་། བསམ་པའི་སྒུལ་ཤུགས་ཆེན་མོ། གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན། རིག་གནས་ཀྱི་ཆ་རྐྱེན་བཟང་པོ་བཅས་འདོན་སྤྲོད་བྱ་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།