ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་རོགས་སྐྱོར་དང་འགན་སྲུང་ཚད་གཞི། དངོས་ཟོག་རིན་གོང་འཕར་བ་བཅས་གཅིག་ཏུ་སྦྲེལ་བའི་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས16ཉིན་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཕན་ནུས་ལྡན་པའི་སྒོ་ནས་དངོས་ཟོག་རིན་གོང་འཕར་བ་ཡིས་དཀའ་ངལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཤུགས་རྐྱེན་ཐེབས་པ་ཞི་ལྷོད་དུ་གཏོང་བ་དང་། གཞི་རྩའི་དམངས་འཚོའི་ཚད་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱེད་ཆེད། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་སྡེ་ཁག6དང་མཉམ་འབྲེལ་སྒོས《སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་རོགས་སྐྱོར་དང་འགན་སྲུང་ཚད་གཞི། དངོས་ཟོག་རིན་གོང་འཕར་བ་བཅས་གཅིག་ཏུ་སྦྲེལ་བའི་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རིན་གོང་ཁ་གསབ་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ཐག་བཅད།

བརྡ་སྦྱོར་ལས། སྔར་ལས་ལྷག་པའི་སྒོ་ནས་རིན་གོང་ཁ་གསབ་མཉམ་འགུལ་ལམ་སྲོལ་གྱི་འགན་སྲུང་ཁྱབ་ཁོངས་རྒྱ་བསྐྱེད་དེ། དྭ་ཕྲུག་དང་དོན་དངོས་སུ་བདག་སྐྱོང་བྱེད་མཁན་མེད་པའི་བྱིས་པ། ཨེ་ཙི་འགོས་ནད་ཕོག་པའི་བྱིས་པ་སོགས་དམིགས་བསལ་བྱིས་པའི་ཁྱུ་ཚོགས་དེ་ལམ་སྲོལ་གྱི་འགན་སྲུང་ཁྱབ་ཁོངས་སུ་འཇོག་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁ་གསབ་སྟེར་བའི་དུས་བཅད་ཇེ་ཐུང་དུ་བཏང་སྟེ། འབྲེལ་ཡོད་རིན་གོང་སྟོན་གྲངས་ཁྱབ་བསྒྲགས་བྱས་པའི་ཟླ་དེར་སྟེར་དགོས། དུས་མཚུངས་སུ། སྡོམ་རྩིས་ལམ་སྲོལ་འགྱུར་ལྡོག་གི་གནས་ཚུལ་ལ་གཞིགས་ཏེ། ས་ཁུལ་ཁ་ཤས་ཀྱི་ཁ་གསབ་ཚད་གཞི་རྩིས་ཚུལ་ལ་གསལ་བཤད་དང་འཐུས་ཚང་དུ་གཏོང་དགོས་པ་ཐག་བཅད།

བརྡ་སྦྱོར་ལས། ས་ཁུལ་སོ་སོས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ཏེ། བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གོ་རིམ་ལེགས་བཅོས་དང་ཕན་འབྲས་མཐོར་འདེགས་སུ་བཏང་སྟེ། ཁ་གསབ་མ་དངུལ་གྲབས་གསོག་དང་སྟེར་བ་སོགས་ཀྱི་བྱེ་བྲག་གི་བྱ་བར་དམ་འཛིན་བྱེད་དགོས་པ་མ་ཟད། རིན་གོང་ཁ་གསབ་མཉམ་འགུལ་ལམ་སྲོལ་ལག་བསྟར་གནས་ཚུལ་དེ་བྱ་བའི་དཔྱག་འཇོག་གི་གདེང་འཇོག་ནང་འཇོག་པ་དང་། བྱ་བའི་འགན་འཁྲི་དངོས་འབེབས་བྱས་ནས2021ལོའི་ཟླ12པའི་ཟླ་མཇུག་སྔོན་དུ་རིན་གོང་ཁ་གསབ་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་བྱ་བ་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། དྲིལ་སྒྲོག་འགྲེལ་བཤད་ལ་ཤུགས་བསྣན་ཏེ་དཀའ་ངལ་མང་ཚོགས་ཀྱིས་ཁ་གསབ་ལས་གཞི་དང་རྒྱུ་རྐྱེན་ལ་རྒྱུས་ལོན་ཟབ་མོ་བྱས་ནས་སྤྱི་ཚོགས་ལ་སྣེ་ཁྲིད་དེ་རིན་གོང་གནས་སྐབས་ཁ་གསབ་ཀྱི་བྱེད་ནུས་ངེས་གནས་ལ་ཤེས་རྟོགས་ཡང་དག་བྱེད་དུ་འཇུག་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།