ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས་ཡིད་མུག་པ་གསེད་འདེམས་བྱེད་པ་དེ་སློབ་མའི་བདེ་ཐང་བརྟག་བཤེར་ཁྲོད་འཇོག་རྒྱུ་ཡིན་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་སློབ་གསོ་པུའུ་ཡིས་ཉེ་སྔོན་རྒྱལ་ཡོངས་སྲིད་གྲོས་ཀྱི《སྔར་ལས་ལྷག་པའི་སྒོ་ནས་ན་ཆུང་གཞོན་ནུའི་ཡིད་མུག་པ་འགོག་བཅོས་བྱེད་ཐབས་དངོས་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི》ལ་མཆན་ལན་བཀོད་པ་དང་། དེའི་ནང་ཡིད་མུག་པ་གསེད་འདེམས་བྱེད་པ་དེ་སློབ་མའི་ལུས་ཕུང་བདེ་ཐང་བརྟག་བཤེར་གྱི་ནང་དོན་དུ་འཇོག་རྒྱུ་ཡིན་པ་གསལ་བོར་གཏན་འཁེལ་བྱས་ཡོད།

སློབ་གསོ་པུའུ་ཡིས་བསྟན་དོན། ན་ཆུང་གཞོན་ནུ་ལ་ཡིད་མུག་པ་འགོག་བཅོས་བྱེད་པའི་སློབ་གསོ་གཏོང་བ་ནི་སྤུས་ཚད་སློབ་གསོ་ལག་བསྟར་དང་ན་ཆུང་གཞོན་ནུའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད། ན་ཆུང་གཞོན་ནུའི་ལུས་སེམས་བདེ་ཐང་ལ་འགན་སྲུང་བྱེད་པའི་ལས་དོན་གལ་ཆེན་ཞིག་ཡིན། སློབ་གསོ་པུའུ་དང་ཀྲུང་གོ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འདི་ལ་མཐོང་ཆེན་བྱས་ཏེ། བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ན་ཆུང་གཞོན་ནུའི་ཡིད་མུག་པ་འགོག་བཅོས་བྱེེད་པའི་སློབ་གསོའི་བྱ་བར་སྐུལ་འདེད་བཏང་ཡོད།

སློབ་གསོ་པུའུ་ཡིས་བསྟན་དོན། ཐབས་ལམ་སྣ་མང་སྒོ་ནས་ན་ཆུང་གཞོན་ནུའི་ཡིད་མུག་པ་འགོག་བཅོས་བྱེད་པའི་བྱ་བར་སྐུལ་འདེད་གཏོང་དགོས་ཏེ། ཚོད་ལྟའི་ས་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་གི་མགོ་ཁྲིད་འོག འཕྲོད་བསྟེན་བདེ་ཐང་དང་དྲིལ་སྒྲོག་སོགས་སྡེ་ཁག་གིས་མཉམ་ལས་ལ་ཤུགས་བསྣན་ཏེ། དྲིལ་སྒྲོག་བྱེད་ཐབས་སྣ་མང་སྤྱད་དེ། བརྙན་རིས་དང་སྨྱན་བྱད་སོགས་རྣམ་པ་སྣ་ཚོགས་ཀྱིས་ཡིད་མུག་པའི་ཚན་རིག་ཤེས་བྱ་ཁྱབ་གདལ་གྱི་དྲིལ་སྒྲོག་སྤེལ་དགོས་ལ། སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་ཡིད་མུག་པ་འགོག་བཅོས་བྱེད་པའི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་བཏང་ནས། ཆེད་ལས་དབང་གྲགས་དང་གོ་སླ་བའི་དྲིལ་སྒྲོག་བརྙན་རིས་ཕབ་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་མང་ཚོགས་ཀྱིས་ཡིད་མུག་པར་ཤེས་རྟོགས་བྱེད་པ་མཐོར་འདེགས་སུ་བཏང་སྟེ་ཕྱོགས་རིས་དང་མཐོང་ཆུང་ལྟ་སྟངས་མེད་པར་བཟོ་དགོས། ཆེད་མཁས་དཔུང་ཁག་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་གྲྭ་དང་ཁེ་ལས། གཞིས་ཁུལ། ལས་ཁུངས་སོགས་སུ་བསྐྱོད་དེ། ཡིད་མུག་པ་དང་འབྲེལ་བའི་སྤྱི་ཕན་འཆད་ཁྲིད་སྤེལ་དགོས། སྤྱི་བའི་འདུ་གནས་སུ་ཡིད་མུག་པ་དང་འབྲེལ་བའི་སྤྱི་ཕན་དྲིལ་སྒྲོག་བརྡ་ཁྱབ་སྦྱོར་བ་དང་འགྲེམ་གཏོང་བྱེད་པ་དང་། གཞིས་ཁུལ་གྱི་བདེ་ཐང་སློབ་གསོ་བྱ་འགུལ་ཁང་གིས་སྡོད་དམངས་ལ་ཚན་རིག་དྲིལ་སྒྲོག་ཡིག་ཆ་འགྲེམ་གཏོང་བྱེད་དགོས། སློབ་གྲྭས་སློབ་མར་བློ་འདྲི་བརྟག་བཤེར་ས་ཚིགས་དང་འབྲེལ་གཏུག་བྱེད་ཐབས་སོགས་ཀྱི་ཆ་འཕྲིན་འདོད་སྤྲོད་བྱས་ཏེ། སློབ་མས་རང་འགུལ་གྱིས་གྲོས་འདྲི་བརྟག་བཤེར་ཞབས་ཞུ་དང་ལེན་བྱེད་པ་སོགས་ལ་ཁྲིད་སྟོན་བྱེད་དགོས། 

སློབ་གསོ་པུས་བསྟན་དོན། བརྒྱུད་རིམ་ཧྲིལ་བོའི་ན་ཆུང་གཞོན་ནུའི་ཡིད་མུག་པ་འགོག་བཅོས་བྱེད་པའི་ཞབས་ཞུ་དང་དཔྱད་འཇོག་མ་ལག་འཛུགས་དགོས། རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཡིད་མུག་པ་འགོག་བཅོས་ཀྱི་འབྲེལ་ཡོད་ཤེས་བྱའི་གསོ་སྦྱོང་སོགས་སོགས་ཚད་ལྡན་དང་རྒྱུན་མཐུད་ངང་སྤེལ་དགོས། དབང་བོའི་ཆེད་ཚན་མ་ཡིན་པའི་སྨན་ཁང་གི་སྨན་པའི་གསོ་སྦྱོང་ལ་ཤུགས་བསྣན་ཏེ། དེའི་ཡིད་མུག་པ་དབྱེ་འབྱེད་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས། རིགས་སོ་སོའི་ལུས་ཕུང་བརྟག་བཤེར་ལྟེ་གནས་ཀྱིས་ལུས་ཕུང་བརྟག་བཤེར་ཁྲོད་སེམས་ཁམས་གནས་ཚུལ་དཔྱད་འཇོག་བཞག་ནས་བརྟག་བཤེར་མཁན་ལ་འདེམ་གསེས་བྱེད་དུ་འཇུག་དགོས། མཐོ་འབྲིང་དང་མཐོ་རིམ་སློབ་གླིང་ཁག་གིས་སེམས་ཁམས་མཛུབ་སྟོན་ཁང་དང་སེམས་ཁམས་བདེ་ཐང་སློབ་གསོའི་སློབ་ཚན་བཙུགས་ཏེ། སེམས་ཁམས་བདེ་ཐང་སློབ་གསོའི་དགེ་རྒན་སྡེབ་སྒྲིག་བྱེད་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།