ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས“རྒྱ་མཚོའི་མཉམ་ལས་དང་བཅོས་སྐྱོང་གླེང་སྟེགས”སྐབས་གཉིས་པའི་མགོ་ཚུགས་མཛད་སྒོར་ཤིས་ཚིག་ཕུལ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས9ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་བརྙན་ལམ་དུ“རྒྱ་མཚོའི་མཉམ་ལས་དང་བཅོས་སྐྱོང་གླེང་སྟེགས”སྐབས་གཉིས་པའི་མགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། 

ཝང་དབྱི་ཡིས་བསྟན་དོན། རྒྱ་མཚོ་ནི་རྒྱལ་ཁབ་སོ་སོ་ཕན་ཚུན་སྦྲེལ་མཐུད་བྱེད་པའི་སྒྲོག་ཐག་ལྟ་བུ་ཡིན་ལ། གོ་ལ་ཧྲིལ་པོ་ཅན་འཕེལ་རྒྱས་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་། མཚོ་ཐོག་བདེ་འཇགས་རྒྱུན་ཆད་མེད་པར་བྱུང་བ་དང་། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ཛ་དྲག་ཏུ་སོང་ནས། རྒྱ་མཚོའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་འགྲན་སློང་སྣ་ཚོགས་འཕྲད་ཡོད། དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་དང་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས། མིའི་རིགས་རྒྱ་མཚོས་ཁ་ཐོར་གྱི་གླིང་ཕྲན་དང་མི་འདྲ་བའི་དཔུང་སྒར་དུ་ཁ་བྲལ་གཏོང་མི་ནུས། རྒྱ་མཚོ་བརྒྱུད་དེ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐུན་མོང་ཐོག་རྒྱ་མཚོའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་དགོས།   

ཝང་དབྱི་ཡིས་བསྟན་དོན། གཅིག་ནས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ་ཐུན་མོང་ཐོག་རྒྱ་མཚོའི་སྒྲིག་ལམ་སྲུང་སྐྱོབ་བྱེད་དགོས། གཉིས་ནསགླེང་མོལ་དང་གྲོས་མོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐུན་མོང་ཐོག་རྒྱ་མཚོའི་ཞི་བདེར་སྐུལ་འདེད་གཏོང་དགོས། གསུམ་ནས་སྒོ་འབྱེད་བསྟུན་མཁས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐུན་མོང་ཐོག་རྒྱ་མཚོའི་མཉམ་ལས་་གཏིང་ཟབ་ཏུ་གཏོང་དགོས། བཞི་ནས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ཐུན་མོང་ཐོག་རྒྱ་མཚོའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས།  

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོས་རྒྱལ་ཁབ་ཁག་གཅིག་གིས་རྒྱ་མཚོའི་བཙན་དབང་སྲུང་སྐྱོང་བྱེད་པའི་དམིགས་ཡུལ་ཐོག་ནས། མཚོ་ཐོག་ཏུ་བཙན་དབང་སྤྱོད་པ་དང་ངན་པ་ཤོག་སྒྲིག་སྟེ། རྒྱལ་ཁབ་གཞན་དག་གི་ལུགས་མཐུན་དང་ཁྲིམས་མཐུན་གྱི་ཁེ་དབང་ལ་ཟམ་མི་ཆད་པར་གནོད་འཚེ་གཏོང་བར་ངོ་རྒོལ་བྱེད་ཀྱིན་ཡོད། 

ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་ལྷོ་རྒྱ་མཚོའི་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་ལྷོ་རྒྱ་མཚོའི་ཞིབ་འཇུག་ཁང་། ཀྲུང་གོ་རྒྱ་མཚོ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ30ལྷག་གི་སྲིད་དོན་མི་སྣ་དང་དཔོན་རིགས། ཆེད་མཁས་པ་དང་མཁས་དབང་། ཀྲུང་གོར་སྡོད་པའི་གཞུང་ཚབ་པ།  མངའ་ཁོངས་ཕྱི་ནང་གི་སྨྱན་སྦྱོར་འཐུས་མི་བཅས་དྲ་ཐོག་དང་ཡུལ་དངོས་བརྒྱུད་་དེ་གླེང་སྟེགས་ལ་ཞུགས་ཡོད། །  

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།