ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་འཁོར50ལོན་པའི་དྲན་གསོའི་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་འཁོར50ལོན་པའི་དྲན་གསོའི་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ལམ་བུ། ཕྱོགས་མང་རིང་ལུགས་ཀྱི་ལམ་བུ་བཅས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པར་ནན་གྱིས་བསྟན་པ་དང་།  རྒྱལ་ཁབ་སོ་སོས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་ནས། ཕྱོགས་མང་རིང་ལུགས་དངོས་ལག་བསྟར་བྱས་ཤིང་། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་འབོད་སྐུལ་བཏང་།

ཟླ10པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་འཁོར50ལོན་པར་དྲན་གསོ་ཞུ་བའི་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།   

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་འཁོར50ལོན་པར་དྲན་གསོ་ཞུ་བའི་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱས་ཚུན་གྱི་ལོ་ངོ50ནི་ཀྲུང་གོའི་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་པའི་ལོ་ངོ50ཡིན། ཀྲུང་གོས་མུ་མཐུད་དུ་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་བྱ་རྒྱུ་ཡིན་ལ། བཅོས་སྒྱུར་སྒོ་འབྱེད་ཀྱི་ལམ་བུ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན་བྱ་རྒྱུ་ཡིན། ཕྱོགས་མང་རིང་ལུགས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་མཁན་བྱ་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། ཕྱོགས་མང་རིང་ལུགས་དངོས་ལག་ལེན་བསྟར་བ། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ། མིའི་རིགས་ཡར་ཐོན་གྱི་ཕྱོགས་སུ་ལངས་པ་བཅས་བྱས་ནས། འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་འདོད་ཡོད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས།

གསེར་མདོག་སྟོན་དུས་པེ་ཅིང་དུ། ནམ་མཁའ་གཡའ་དག་ཅིང་རླུང་བུ་བསིལ་བར་ལྡང་། ཚོགས་ར་གཙོ་བོའི་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་གློག་འོད་ཆེམ་ཆེམ་འཕྲོ་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆས་ཕན་ཚུན་འོད་མདངས་འཕྲོག་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་སོ་སོའི་རྒྱལ་དར་ལས་གྲུབ་པའི་དར་ཆའི་སྒྲིག་བསྟར་བརྗིད་ཉམས་ལྡན། 

《ཞི་བདེལས་དབང་གཅིག་མཐུན་འདུས་གྲུབ》ཀྱི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་ཚོགས་རར་ཕེབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། 

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ50ཡི་སྔོན་གྱི་དེ་རིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་ཉེར་དྲུག་པའི་ཐོག འདེམས་ཤོག་མང་ཆེ་བས་ཨང2758པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཆ་ཚང་མ་སླར་གསོ་བྱ་རྒྱུ་གཏན་འབེབས་བྱས་ཤིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་འཐུས་མི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོའི་ཁྲིམས་མཐུན་འཐུས་ཚབ་གཅིག་པུ་ཡིན་པ་ཁས་ལེན་བྱས། དེ་ནི་ཀྲུང་གོའི་མི་དམངས་ཀྱི་རྒྱལ་ཁ་ཡིན་ལ། འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རྒྱལ་ཁའང་ཡིན། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནི་འཛམ་གླིང་གི་དོན་ཆེན་ཞིག་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་ཆེན་ཞིག་ཀྱང་ཡིན། དེ་ནི་འཛམ་གླིང་ཐོག་ཞི་བདེར་དགའ་བ་དང་དྲང་བདེན་གཙོ་སྐྱོང་བྱེད་པའི་རྒྱལ་ཁབ་མཐའ་དག་གིས་ཐུན་མོང་དུ་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ཞིང་། འཛམ་གླིང་མི་འབོར་གྱི་བཞི་ཆ་གཅིག་ཟིན་པའི་ཀྲུང་གོའི་མི་དམངས་དེ་ནས་བཟུང་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སྟེགས་ཐོག་བསྐྱོད་པ་མཚོན་ཡོད། དེར་ཀྲུང་གོ་དང་འཛམ་གླིང་ལ་མཚོན་ན་གལ་འགངས་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན། 

ཟླ10པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་འཁོར50ལོན་པར་དྲན་གསོ་ཞུ་བའི་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།  

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱས་ཚུན་གྱི་ལོ་ངོ50ནི་ཀྲུང་གོའི་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་པའི་ལོ་ངོ50ཡིན། 

ལོ་ངོ50ལ། ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། འགྱུར་ལྡོག་ཆེན་པོའི་ཁྲོད་ཀྲུང་གོའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ཚོད་འཛིན་བྱས་ཏེ། ཀྲུང་གོ་དང་མིའི་རིགས་འཕེལ་རྒྱས་ཀྱི་བརྗིད་ཆེ་བའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་པའི་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག ཀྲུང་གོའི་མི་དམངས་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་དུས་སྐབས་གསར་པ་མགོ་བཙུགས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་བཏང་ལ། ཐོན་སྐྱེད་ནུས་ཤུགས་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་གནས་ཚུལ་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་འགག་སྒྲོལ་མངོན་འགྱུར་བྱུང་ཡོད། དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཀྲུང་ཧྭའི་ས་གཞི་ཆེན་མོའི་ཐོག་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ནས། ལོ་རྒྱུས་རང་བཞིན་གྱིས་ལྟོས་མེད་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད་བྱས་ཤིང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་མགོ་བརྩམས་པ་དང། ཀྲུང་ཧྭ་མི་རིགས་གྱི་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་མདུན་ལམ་བསུས་ཡོད།

ལོ་ངོ50ལ། ཀྲུང་གོ་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་སྲུང་སྐྱོབ་བྱས་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་དང་། དྲང་བདེན་སྐྱོང་བ་དང་བདེན་དོན་སྤེལ་ཏེ། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་ཡིན། རྒྱ་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་དྲང་བདེན་གྱི་འཐབ་རྩོད་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོ་མི་དམངས་ཀྱིས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞོལ་ནས། “ཐན་ཙན་ལྕགས་ལམ”ནས“རྒྱུད་གཅིག་ལམ་གཅིག”བར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཟམ་མི་ཆད་པར་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། པྲོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་ཁྱབ་པའི་ཉེན་ཁའི་མདུན་དུ། ཀྲུང་གོས་ཧུར་ཐག་གིས་འཛམ་གླིང་ལ་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། རྒྱལ་ཁབ་སོ་སོར་ནད་འགོག་དངོས་ཟོག་དང་རིམས་འགོག་སྨན་ཁབ་སྨན་རྫས་འབོར་ཆེན་བསྐྱལ་བ་དང་། ནད་དུག་གི་ཁུངས་འདེད་ཚན་རིག་མཉམ་ལས་གཏིང་ཟབ་སྤེལ་ནས། མིའི་རིགས་རིམས་ནད་ལས་རྣམ་པར་རྒྱལ་ཆེད་འབད་བརྩོན་ཧུར་ཐག་བྱས་ཡོད། 

ལོ་ངོ50ལ། ཀྲུང་གོ་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གོ་གནས་ལ་སྲུང་སྐྱོབ་བྱས་ཏེ། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་ལས་ཉིན་རེ་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་གོས་ལྷག་བསམ་རྣམ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འགན་སྒྲུབ་རྒྱལ་ཁབ་ཀྱི་འགན་འཁྲི་དང་ལས་འགན་སྒྲུབ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་ནུས་པར་སྲུང་སྐྱོང་བཅས་བྱེད་ཀྱིན་ཡོད། ཀྲུང་གོས་ཞི་བདེའི་བྱེད་ཐབས་ཀྱིས་ཆབ་སྲིད་ཀྱི་རྩོད་གཞི་ཐག་གཅོད་བྱ་རྒྱུའི་གྲོས་གཞི་བཏོན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་སྔོན་ལ་མངོན་འགྱུར་བྱ་རྒྱུ་དང་། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་སྣེ་ཁྲིད་དེ་དོན་འཁྱོལ་བྱ་རྒྱུ་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ》གྱི་དགོངས་དོན་ལ་བརྩི་སྲུང་བྱས་ཤིང་། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་ཀྱི་རླབས་རྒྱུན་དང་མཐུན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ལམ་བུར་བསྐྱོད་ནས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།   

ཟླ10པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་འཁོར50ལོན་པར་དྲན་གསོ་ཞུ་བའི་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཛམ་གླིང་གི་རླབས་རྒྱུན་ལ་རྔམ་བརྗིད་ཆེན་པོ་ལྡན། དེ་དང་བསྟུན་ན་དར་བ་དང་། དེ་ལས་ལྡོག་ན་ཉམས་ཉེས་སུ་འགྲོ། མིག་སྔར། འཛམ་གླིང་ཐོག་ལོ་བརྒྱའི་རིང་འབྱུང་མྱོང་མེད་པའི་འཕོ་འགྱུར་ཇེ་ཆེར་འགྲོ་བ་དང་། ཞི་བདེ་འཕེལ་རྒྱས་ཡར་ཐོན་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། ང་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། མཉམ་ལས་རྒྱུན་འཁྱོངས་བྱས་ཏེ་འགྲན་རྒོལ་མི་བྱེད་པ་དང་། སྒོ་འབྱེད་རྒྱུན་འཁྱོངས་བྱས་ནས་བཀག་སྡོམ་མི་བྱེད་པ། གཉིས་ཁེ་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཕམ་འགྲན་རྩོད་མི་བྱེད། རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། རྣམ་པ་གང་རུང་གི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། 

ང་ཚོས་ནུས་ཤུགས་ཆེན་པོས་ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་ནས། སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་ཐུན་མོང་ཐོག་ཡང་དག་པའི་འདུ་ཤེས་ཀྱི་ཁྲིད་སྟོན་བྱེད་དགོས། ཞི་བདེ་དང་འཕེལ་རྒྱས་ནི་ང་ཚོའི་ཐུན་མོང་གི་བྱ་གཞག་ཡིན། དྲང་མཉམ་དང་དྲང་བདེན་ནི་ང་ཚོའི་ཐུན་མོང་གི་ཕུགས་བསམ་ཡིན། དམངས་གཙོ་དང་རང་དབང་ནི་ང་ཚོའི་ཐུན་མོང་གི་བརྩོན་ལེན་ཡིན། སྣ་མང་རང་བཞིན་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་ཡིད་དབང་འཕྲོག་ཆ་ཡིན་ལ། འཛམ་གླིང་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཀྱང་ཡིན། དཔལ་ཡོན་ལ་རབ་འབྲིང་དང་བཟང་ངན་གྱི་དབྱེ་བ་མེད་པར། ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་པར་ལས་མེད། འབྲེལ་འདྲིས་ཁྲོད་ད་གཟོད་མཉམ་འདྲེས་བྱེད་ཐུབ་ལ། མཉམ་འདྲེས་ཁྲོད་ད་གཟོད་ཡར་ཐོན་འབྱུང་ཐུབ། རྒྱལ་ཁབ་ཅིག་གི་བགྲོད་ལམ་འགྲིག་མིན་གྱི་འགག་རྩ་ནི་རྒྱལ་ཁབ་དེ་ཉིད་ཀྱི་གནས་ཚུལ་དང་མཐུན་མིན་དང་། དུས་རབས་འཕེལ་ཕྱོགས་དང་མཐུན་མིན། དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་ཐུབ་མིན། མི་དམངས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་མིན། མིའི་རིགས་ཡར་ཐོན་གྱི་བྱ་གཞག་ལ་བྱས་རྗེས་འཇོག་ཐུབ་མིན་བཅས་ལ་བལྟ་དགོས། 

ང་ཚོས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་བཏང་སྟེ། ཡུན་རིང་ཞི་བདེ་དང་། ཐུན་མོང་ཐོག་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་དགོས། མིའི་རིགས་ཀྱིས་བདེ་སྡུག་མཉམ་གནས་དང་སྐྱིད་སྡུག་མཉམ་རོལ་བྱེད་དགོས།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་ནི། ལམ་ལུགས་ཤིག་གིས་ལམ་ལུགས་གཞན་ཞིག་གི་ཚབ་བྱེད་པ་དང་། དཔལ་ཡོན་ཞིག་གིས་དཔལ་ཡོན་གཞན་ཞིག་གི་ཚབ་བྱེད་པ་མིན་པར། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་། འདུ་ཤེས་འཛིན་སྟངས་མི་འདྲ་བ། ལོ་རྒྱུས་དང་རིག་གནས་མི་འདྲ་བ། འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཁེ་ཕན་མཉམ་འཚོ་དང་། ཁེ་དབང་མཉམ་སྤྱོད། འགན་འཁྲི་མཉམ་འཁུར་བྱས་ཏེ། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པའི་སྤྱིའི་བགོ་གྲངས་ཆེ་ཤོས་ཤིག་ཆགས་རྒྱུ་དེ་རེད། 

ང་ཚོས་གཉིས་ཁེ་མཉམ་རྒྱལ་མཐའ་འཁྱོངས་བྱས་ནས། ཐུན་མོང་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། མི་དམངས་ཀྱི་དོན་དུ་འཕེལ་རྒྱས་བཏང་ན། འཕེལ་རྒྱས་ལ་གཞི་ནས་དོན་སྙིང་ལྡན་པ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་བཏང་ན། འཕེལ་རྒྱས་ལ་གཞི་ནས་སྒུལ་ཤུགས་ཡོད། འཛམ་གླིང་རྒྱལ་ཁབ་སོ་སོས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ཧུར་ཐག་སྒོས་སྔར་ལས་སྤུས་ཚད་མཐོ་བ་དང་། སྔར་ལས་ལས་ཕྱོད་ཆེ་བ། སྔར་ལས་འདྲ་མཉམ་ཡིན་པ། སྔར་ལས་རྒྱུན་མཐུད་ཐུབ་པ། སྔར་ལས་བདེ་འཇགས་ཡིན་པའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། འཕེལ་རྒྱས་དོ་མཉམ་མིན་པ་དང་འཐུས་ཚང་མིན་པའི་གནད་དོན་ཐག་བཅད་ནས། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན། བསྟུན་མཁས་རང་བཞིན་ཆེ་རུ་གཏོང་དགོས། མི་དམངས་ཀྱི་འཕེལ་རྒྱས་གཏོང་ནུས་ཆེ་རུ་བཏང་ནས། མི་ཀུན་ནང་ཞུགས་དང་མི་ཀུན་གྱིས་ལོངས་སྤྱོད་བྱེད་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་ཆགས་པ་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཀུན་གྱི་མི་ཀུན་ལ་སྔར་བས་མང་བ་དང་སྔར་བས་འདྲ་མཉམ་སྒོས་ཕན་ཐོགས་པ་བྱེད་དགོས།  མ་འགྱངས་བའི་སྔོན། ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་བཅུ་དྲུག་པའི་ཐོག གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་མགོ་བཏོན་པ་ཡིན། རྒྱལ་ཁབ་སོ་སོས་ཐུན་མོང་འབད་བརྩོན་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་བཟོས་པའི་རྡུང་རྡེག་ཁྱད་དུ་བསད་ནས། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མགྱོགས་མྱུར་ངང་དོན་འཁྱོལ་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཐུན་མོང་སྒྲིག་གཞི་འཛུགས་པའི་རེ་བ་ཡོད། 

ཟླ10པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་འཁོར50ལོན་པར་དྲན་གསོ་ཞུ་བའི་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། 

ང་ཚོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་མིའི་རིགས་ལ་འཕྲད་པའི་འགྲན་སློང་སྣ་ཚོགས་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་ཁ་གཏད་གཅོག་དགོས། སྔར་བས་བསྟུན་མཁས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་། སྔར་བས་ནུས་ལྡན་གྱི་ཕྱོགས་མང་ལམ་སྲོལ། སྔར་བས་དགེ་མཚན་ལྡན་པའི་ས་ཁོངས་མཉམ་ལས་བཅས་ཆགས་ཚེ། གཞི་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ། འཛམ་གླིང་རྒྱལ་ཁབ་སོ་སོས་བྱེད་ཐབས་དངོས་སྤྱད་དེ། རང་བྱུང་བདེ་འཇགས་ཀྱི་མཐའ་མཚམས་བརྟན་སྲུང་དང་། ལྗང་མདོག་སླར་གསོ། ལྗང་མདོག་ཐོན་སྐྱེད། ལྗང་མདོག་འཛད་སྤྱོད་བཅས་ལ་སྐུལ་ལྕག་བཏང་སྟེ། ཡ་རབས་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་ལ་སྐུལ་འདེད་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཆགས་པར་བྱས་ནས། སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྫོགས་མཐའ་མེད་པའི་འབྱུང་རྩར་འགྱུར་བ་བྱེད་དགོས། 

ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དངོས་ལག་ལེན་བསྟར་དགོས། འཛམ་གླིང་རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་ཡིན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་ལ་སྲུང་སྐྱོང་བྱེད་དགོས། རྒྱལ་སྤྱིའི་སྒྲིག་སྲོལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ193གྱིས་ཐུན་མོང་ཐོག་གཏན་འབེབས་བྱེད་པ་ལས། རྒྱལ་ཁབ་དང་རྒྱལ་ཁབ་ཚོགས་པ་འགས་ཐག་གཅོད་བྱེད་མི་ཆོག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ193གྱིས་ཐུན་མོང་ཐོག་བརྩི་སྲུང་བྱེད་པ་ལས། དམིགས་བསལ་གང་ཡང་མེད། མཉམ་འབྲེལ་རྒྱལ་ཚོགས་ལ་གདོང་གཏད་དུས། འཛམ་གླིང་གི་རྒྱལ་ཁབ་ཀུན་གྱིས་བརྩི་འཇོག་གི་རྣམ་འགྱུར་གྱིས་ཁྱིམ་ཚང་ཆེན་མོ་འདིར་གཅེས་སྐྱོང་དང་སྲུང་སྐྱོང་ཡག་པོ་བྱེད་པ་ལས། མཐུན་ན་བེད་སྤྱོད་དང་མ་མཐུན་ན་གཡུག་དོར་བྱེད་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླ་ན་མེད་པའི་བྱ་གཞག་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་སྔར་བས་ཆེ་བ་འདོན་སྤེལ་ཐུབ་པ་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་བཟུང་ནས། མཉམ་ལས་ཀྱི་བསམ་ཕྱོགས་འཚོལ་ཞིབ་དང་མཉམ་ལས་བྱེད་སྟངས་གསར་གཏོད་བྱས་ཏེ། གནས་བབ་གསར་པའི་ཕྱོགས་མང་རིང་ལུགས་ཀྱི་ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། འདས་པར་རྗེས་དྲན་བྱས་ནས་དེང་ལ་ཉམས་གསོ་བྱེད། འདས་པའི་དཔེ་ལྟས་ནས་མ་འོངས་སྔོན་ཤེས་བྱེད། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་པའི་ཐོག ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་བྱ་རྒྱུ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ལམ་བུ་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན་བྱ་རྒྱུ། ཕྱོགས་མང་རིང་ལུགས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་མཁན་བྱ་རྒྱུ་ཡིན། ང་ཚོས་ལག་གདང་སྦྲེལ་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་། མིའི་རིགས་ཡར་ཐོན་གྱི་ཕྱོགས་སུ་ལངས་ཏེ། འཛམ་གླིང་གི་རྒྱུན་མཐུད་ཞི་བདེ་འཕེལ་རྒྱས་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

ཟླ10པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་འཁོར50ལོན་པར་དྲན་གསོ་ཞུ་བའི་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།  

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཤིས་ཚིག་ཕུལ་སྐབས་བསྟན་དོན། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱས་ནས་ལོ་འཁོར50སོང་རིང་། མཉམ་འབྲེལ་རྒྱལ་ཚོགས་ལ་ཉིན་རེ་བཞིན་གལ་ཆེ་བའི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བློས་འགེལ་ཆོག་པའི་རོགས་ཟླ་དང་། རྒྱལ་སྤྱིའི་མཉམ་ལས་ཀྱི་ཆུ་གཞུང་གི་གཞོམ་མེད་བྲག་རི་ལྟ་བུ་ཡིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་དང་དབུལ་ཕོངས་སེལ་བ། ནུས་ཁུངས་ལྗང་མདོག་ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་ནུས་པ་གལ་ཆེན་བཏོན་པར་ཐུགས་རྗེ་ཆེ་ཞུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་དོན་འཁྱོལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་མང་མ་ལག་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཐུན་སྒྲིལ་ངང་ཁ་གཏད་གཅོག་པ་བཅས་ལ་འབོད་སྐུལ་བཏང་བ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱི་རོགས་ཟླ་བྱས་ནས། ཐུན་མོང་ཐོག་སྔར་བས་དྲང་བཞག་དང་རྒྱུན་མཐུད་ཀྱི་འབྱུང་འགྱུར་གཏོད་དགོས། 

ཏིང་ཞེ་ཞང་དང་དབྱང་ཅེ་ཁྲེ་སོགས་ཚོགས་འདུར་ཞུགས། 

ཝང་དབྱི་ཡིས་ཚོགས་འདུར་མགོ་འཛིན་གནང་། 

འབྲེལ་ཡོད་སྡེ་ཚན་ཁག་གི་འགན་འཁུར་བ་དང་། ཀྲུང་གོའི་ཡུན་རིང་བོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་སྒྲུབ་པའི་ཕྱི་འབྲེལ་ཕྱི་དོན་མི་སྣའི་འཐུས་མི། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ་དང་། ཀྲུང་གོར་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོགས་མི200ལྷག་ཚོགས་འདུར་ཞུགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཟུར་པ་ཝང་ཀོང་ཡ་དང་། ཀྲུང་གོར་སྡོད་པའི་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་ཅེ་ཉི་སོ་ཧྥུ། ཀྲུང་གོར་སྡོད་པའི་ཨར་ཅི་རི་ཡའི་གཞུང་ཚབ་ཆེན་མོ་པུའུ་ཧ་ལི་ཧྥ་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།