ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏེང་ལ་བརྙན་ལམ་ནས་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧའེ་ཙི་ཀོང་ཀེ་རུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏེང་དང་བརྙན་ལམ་ནས་མཇལ་འཕྲད་གནང་།   

པར་འདི་ནི་ཟླ10པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧའེ་ཙི་ཀོང་ཀེ་རུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏེང་དང་བརྙན་ལམ་ནས་མཇལ་འཕྲད་གནང་། 

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་མོང་གོལ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་བཟང་བོ་བྱུང་བ་དང་། དངོས་གཉེར་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་སྤེལ་གཏོང་བཞིན་ཡོད། ད་ལོའི་ཟླ7པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་ལ་ཁ་པར་བཏང་ནས་གྲོས་མོལ་གནང་སྟེ། ཀྲུང་མོང་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། དེང་སྐབས་རྒྱལ་ཁབ་གཉིས་ཀ་རིམས་ནད་ལ་འགོག་རྒོལ་དང་། དཔལ་འབྱོར་གོང་སྤེལ། དམངས་འཚོ་འགན་སྲུང་བཅས་ཀྱི་ལས་འགན་དང་འཕྲད་ཡོད། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ན། རྒྱལ་ཁབ་གཉིས་དང་ས་ཁུལ་གཉིས་ཀར་ཕན་པ་ཡོད།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་མོང་གོལ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། ཕྱོགས་གཉིས་ཀྱི་ཚོང་དོན་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་པའི་རྨང་གཞིའི་ཐོག འགག་སྒོ་སྒྲོལ་བར་སྟབས་བདེ་བཟོས་ནས། འགག་སྒོ་སྒྲོལ་ཚད་ཆེ་རུ་གཏོང་འདོད་ཡོད་། ཕྱོགས་གཉིས་པོས་བྱེ་འགོག་བྱེ་བཅོས་ཀྱི་མཉམ་ལས་སྔར་བས་དོན་འཁྱོལ་བྱས་ནས། དྭངས་གཙང་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་ཐུན་མོང་ཐོག་གཏོད་བའི་རེ་བ་ཡོད། ཀྲུང་གོར་སྔར་བཞིན་མོང་གོལ་གྱི་དཔལ་འབྱོར་གོང་འཕེལ་དང་། དམངས་འཚོ་ལེགས་སྒྱུར། རིམས་ནད་འགོག་རྒོལ་བཅས་བྱེད་པར་རང་ནུས་གང་ཡོད་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཡོད། 

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ནུས་རྒྱུའི་བདེ་འཇགས་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད། ཀྲུང་གོར་ཕུན་སུམ་ཚོགས་པའི་རྡོ་སོལ་ཐོན་ཁུངས་ཡོད་པས། ང་ཚོས་སྔར་བཞིན་སྣ་མང་ཅན་གྱི་ནུས་རྒྱུའི་མཉམ་ལས་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་གཉིས་པོས་རྡོ་སོལ་ཚོང་དོན་གྱི་གཞི་ཁྱོན་ཆེ་རུ་བཏང་ནས། གཉིས་ཁེ་གཉིས་ཕན་ཡོང་བ་མཐོང་འདོད་ཡོད། ཀྲུང་གོས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་ཁྲོམ་རའི་རྩ་དོན་དང་ཚོང་ལས་ཀྱི་སྒྲིག་སྲོལ་གཞིར་བཟུང་ནས། མཉམ་ལས་ཧུར་ཐག་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། དུས་ཡུན་རིང་པོའི་ལུགས་མཐུན་བརྟན་ལྷིང་གི་རིན་གོང་གིས་ནུས་རྒྱུའི་མཁོ་སྤྲོད་སྦྲེལ་ཐག་ཤར་གཏོང་བདེ་འཇགས་ཡོང་བར་འགན་ལེན་བྱེད་ཀྱིན་ཡོད།  

ཨའོ་ཡུན་ཨེར་ཏེང་གིས་བསྟན་དོན། མོང་ཀྲུང་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་རེད། མོང་གོལ་གྱིས་ཀྲུང་གོས་མཛའ་བརྩེ་དང་། ལྷག་བསམ། ཕན་འདོགས། ཁོང་ཡངས་བཅས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་ལག་ལེན་བསྟར་བར་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོས་མོང་གོལ་ལ་རིམས་འགོག་སྨན་ཁབ་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རིམས་འགོག་སྨན་ཁབ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་མིག་དཔེ་སྟོན་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས་གཏེར་རྫས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། བྱེ་ཐང་ཅན་འགོག་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མཐའ་མཚམས་འགག་སྒོར་དངོས་ཟོག་འདོན་ཚད་མཐོ་རུ་བཏང་སྟེ། མོང་ཀྲུང་འགག་སྒོ་འཕེལ་རྒྱས་སྔར་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།