ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཁབ་ནུས་རྒྱུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གཙོ་སྐྱོང་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལིས་ཁི་ཆང་གིས་རྒྱལ་ཁབ་ནུས་རྒྱུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གཙོ་སྐྱོང་གནང་ནས།  ནུས་རྒྱུ་བརྟན་བརླིང་མཁོ་འདོན་དང་བདེ་འཇགས་ལ་འགན་ལེན་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན། ཧན་ཀྲིན་ཚོགས་འདུར་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་ཁབ་ནུས་རྒྱུ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིས་ཁི་ཆང་གིས་རྒྱལ་ཁབ་ནུས་རྒྱུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གཙོ་སྐྱོང་གནང་ནས། ནུས་རྒྱུ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་བྱ་བར་བཀོད་སྒྲིག་གནང་བ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”ཡི་དེང་རབས་ནུས་རྒྱུའི་མ་ལག་འཆར་འགོད་དང་། ནུས་རྒྱུ་ཐཱན་རྩེར་སྙེག་ལག་བསྟར་ཇུས་གཞི། ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བའི་བསམ་འཆར་སོགས་ལ་གྲོས་ཞིབ་གནང་། 

པར་འདི་ནི་ཟླ10པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་ཁབ་ནུས་རྒྱུ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིས་ཁི་ཆང་གིས་རྒྱལ་ཁབ་ནུས་རྒྱུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གཙོ་སྐྱོང་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཁབ་ནུས་རྒྱུ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧན་ཀྲིན་ཚོགས་འདུར་ཞུགས། 

ཚོགས་འདུའི་ཐོག འཕེལ་སྒྱུར་ཨུ་ལྷན་དང་ནུས་ཁུངས་ཅུའུ་ཡིས་སྙན་ཞུ་བྱས། ལིས་ཁི་ཆང་གིས་བཤད་རྒྱུར། ནུས་ཁུངས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བའི་དོན་ཆེན་ཞིག་ཡིན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ཡི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཕྱོགས་སོ་སོའི་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན། རང་རྒྱལ་གྱི་ནུས་རྒྱུ་འཕེལ་རྒྱས་དང་། གྲུབ་ཆ་ལེགས་སྒྱུར། ནུས་ཆེའི་དྭངས་གཙང་བེད་སྤྱོད་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ཡོད། མིག་སྔར། རྒྱལ་སྤྱིའི་ཁོར་ཡུག་དང་། གོ་ལ་ཧྲིལ་པོའི་ནུས་རྒྱུ་ཆགས་སྟངས་དང་མ་ལག་ལ་འཕོ་འགྱུར་གཏིང་ཟབ་བྱུང་ནས། རང་རྒྱལ་གྱི་ནུས་རྒྱུ་འཕེལ་རྒྱས་དང་བདེ་འཇགས་འགན་ལེན་ཐད་འགྲན་སློང་གསར་པ་སྤྲད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་གཞིར་བཟུང་། རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་བསྟུན་ནས་འཕེལ་རྒྱས་དང་བཙོག་འབུད་ཉུང་གཏོང་། དེང་སྐབས་དང་ཕུགས་ཕན་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ལ། བརྟན་བརླིང་འཕར་འཕེལ་དང་གྲུབ་ཆ་ལེགས་སྒྲིག ནུས་རྒྱུའི་ཁྱབ་ཁོངས་ཁྲོམ་ར་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ནུས་རྒྱུ་ལྗང་མདོག་ཐན་ཉུང་ལ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། ནུས་རྒྱུའི་བདེ་འཇགས་འགན་ལེན་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས། 

ལིས་ཁི་ཆང་གིས་བསྟན་དོན། ནུས་རྒྱུའི་བདེ་འཇགས་དེ་འཕེལ་རྒྱས་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འབྲེལ་བ་ཡོད། རང་རྒྱལ་ནི་སྔར་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན། འཕེལ་རྒྱས་ནི་གནད་དོན་མཐའ་དག་ཐག་གཅོད་པའི་རྨང་གཞི་དང་འགག་རྩ་ཡིན། ད་ལྟའི་དུས་རིམ་དུ། བཟོ་ལས་ཅན་དང་མཁར་གྲོང་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ནུས་ཁུངས་ཀྱི་དགོས་མཁོ་གཡོལ་ཐབས་མེད་པར་མུ་མཐུད་འཕར་ངེས། མཁོ་སྤྲོད་མི་འདང་བ་ནི་ནུས་ཁུངས་བདེ་འཇགས་མིན་པའི་གནད་དོན་ཆེ་ཤོས་ཡིན་པས། ངེས་པར་དུ་བདེ་འཇགས་འགན་སྲུང་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བཟུང་ནས། དེང་རབས་ཀྱི་ནུས་ཁུངས་མ་ལག་འཛུགས་པ་དང་། ནུས་ཁུངས་རང་བརྟེན་མཁོ་འདོན་བྱེད་ནུས་ཆེ་རུ་གཏོང་བར་ཤུགས་རྒྱག་དགོས། རྡོ་སོལ་གཙོ་བོར་བྱས་པའི་ནུས་ཁུངས་དང་ཐོན་ཁུངས་ཁྱད་འཕགས་ལ་དམིགས་ནས། རྡོ་སོལ་ཐོན་ནུས་བཀོད་སྒྲིག་བྱེད་ཚུལ་ཇེ་ལེགས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་སྔོན་ཐོན་གྱི་རྡོ་སོལ་དང་གློག་ནུས་བེད་སྤྱོད་ལུགས་མཐུན་བྱེད་པ་དང་། རྡོ་སོལ་དང་གློག་ནུས་མུ་མཐུད་ནས་གོ་རིམ་ལྡན་པའི་སྒོ་ནས་འདོར་དགོས། རྒྱལ་ནང་གི་སྣུམ་རླངས་རྩད་ཞིབ་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། ཧུར་ཐག་གིས་རྡོ་གཡམ་སོལ་རླངས་དང་རྡོ་སོལ་ཆགས་རིམ་གྱི་སོལ་རླངས་འཕེལ་རྒྱས་གཏོང་བ་དང་། རྒྱལ་སྤྱིའི་སྣུམ་རླངས་མཉམ་ལས་སྣ་མང་སྤེལ་དགོས། སོལ་རླངས་དང་སྣུམ་གྱི་གྲབས་གསོག་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ཏེ། སྔོན་ཐོན་གྱི་ནུས་གསོག་ལག་རྩལ་གཞི་ཁྱོན་ཅན་དུ་སྤྱོད་པར་སྐུལ་འདེད་བཏང་ནས། ནུས་རྒྱུ་བདེ་འཇགས་མཁོ་འདོན་གྱི་འགན་བཅོལ་ཡོ་བྱད་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

ལིས་ཁི་ཆང་གིས་བཤད་རྒྱུར། ཐཱན་རྩེར་སྙེག་དང་ཐཱན་སྙོམ་སྒྲིག་ནི་རང་རྒྱལ་གྱི་དཔལ་འབྱོར་རང་ངོས་ཕྱོགས་སྒྱུར་རིམ་སྤོར་གྱི་བླང་བྱ་ཡིན་ལ། གནམ་གཤིས་འགྱུར་ལྡོག་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པའི་དགོས་མཁོའང་ཡིན། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་དཀའ་བ་ཚད་མེད་ཀྱི་འབད་བརྩོན་བྱེད་དགོས། ཉེ་དུས་ཀྱི་གློག་ཤུགས་དང་རྡོ་སོལ་མཁོ་སྤྲོད་ཀྱི་འགལ་བར་ཁ་གཏད་གཅོག་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། ཚོད་རྩིས་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ཏེ་ཐན་རྩེར་སྙེག་གིས་གོ་རིམ་དབྱེ་བའི་དུས་ཚོད་རེའུ་མིག་དང་ལམ་རིས་ཞིབ་འཇུག་བྱས་ནས་འདོན་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་ཕྱོགས་སོ་སོས་སྔོན་འཛུགས་རྗེས་གཏོར་མཐའ་འཁྱོངས་བྱས་ནས། རྒྱལ་ཡོངས་མིག་མངས་སྒྲིག་སྐོར་གཅིག་ལྟར་བྱས་ཏེ་སྔོན་རྒྱུགས་མི་བྱེད་རྒྱུ་རྒྱུ་མཐའ་འཁྱོངས་བྱེད་དགོས། དོན་དངོས་ནས་མགོ་བཙུགས་ཏེ་ས་ཆ་ཁག་ཅིག་གི“དུམ་གཅོད”ཀྱིས་གློག་ཚོད་འཛིན་དང་ཐོན་སྐྱེད་ཚོད་འཛིན་ནམ་ཡང་ན་འགུལ་སྐྱོད་རྣམ་པའི“ཐཱན་འཕྲི”བྱེད་པ་ཡོ་བསྲང་བྱས་ནས། བྱང་ཕྱོགས་ཀྱི་མང་ཚོགས་ཀྱི་དྲོལ་ཁོལ་དང་བདེ་འཇགས་ངང་དགུན་སྐྱེལ་ཐུབ་པའི་འགན་ལེན་བྱེད་པ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་བརླིང་དང་དཔལ་འབྱོར་རྒྱུན་མཐུད་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱེད་དགོས། རྡོ་སོལ་དྭངས་གཙང་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དྭངས་གཙང་ནུས་རྒྱུའི་བསྡུར་ཚད་མཐོ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་སྒྱུར་བཀོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་སུ་ནུས་རྒྱུ་གྲོན་ཆུང་བེད་སྤྱོད་བྱེད་པ་དར་སྤེལ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། 

ལིས་ཁི་ཆང་གིས་བསྟན་དོན། གསར་གཏོད་ནི་ནུས་རྒྱུ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། ནུས་རྒྱུའི་ཁྱབ་ཁོངས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་དང་སྒྲིག་ཆས་ཀྱི་འགག་སྒྲོལ་ཇེ་མགྱོགས་སུ་བཏང་ནས། ལྗང་མདོག་ཐཱན་ཉུང་གི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་རྒྱག་དགོས། གློག་དྲ་རིག་ནུས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ནུས་ཁུངས་གསར་པ་དང་བདེ་འཇགས་འཁོར་སྐྱོད་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས། སྐས་རིམ་གློག་རིན་འཐུས་ཚང་དུ་གཏོང་བ་དང་། གློག་སྐྱེལ་གློག་སྦྱོར་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ། ཚོང་རའི་ནང་རྐྱེན་ལ་སྔར་ལས་ལྷག་པར་བརྟེན་ནས། ནུས་སྲི་སྙིགས་འཕྲི་དང་ཐཱན་འཕྲི་ལ་སྐུལ་འདེད་བཏང་སྟེ། ནུས་ཁུངས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། 

སུན་ཁྲུན་ལན་དང་། ཧུའུ་ཁྲུན་ཧྭ། ལིའུ་ཧི། ཝང་ཡུང་། ཝང་དབྱི། ཞོ་ཅེ། ཧི་ལིས་ཧྥུང་། འབྲེལ་ཡོད་ལས་ཁུངས་དང་ཁེ་ལས་ཀྱི་འགན་འཁུར་བ་ཁག་ཅིག་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།