ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཚད་ལྡན་ཅན་འཕེལ་རྒྱས་ཀྱི་རྩ་གནད་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཚད་ལྡན་ཅན་འཕེལ་རྒྱས་ཀྱི་རྩ་གནད་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

རྩ་གནད་ལས་བསྟན་དོན། ཚད་ལྡན་ནི་དཔལ་འབྱོར་བྱ་འགུལ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལག་རྩལ་འདེགས་ཤུགས་ཡིན་པ་དང་། རྒྱལ་ཁབ་ཀྱི་རྨང་གཞི་རང་བཞིན་ལམ་ལུགས་ཀྱི་ཕྱོགས་གལ་ཆེན་ཞིག་ཡིན། ཚད་ལྡན་ཅན་གྱིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་སྤེལ་བྱེད་པའི་ཁྲོད་དུ་རྨང་གཞི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ནུས་པ་འདོན་ངེས། དུས་རབས་གསར་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་སྐབས་ཚད་ལྡན་ཅན་གྱི་བྱ་བར་སྔར་ལས་ཤུགས་སྣོན་དགོས།

རྩ་གནད་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚད་ལྡན་མ་ལག་མྱུར་དུ་གསར་སྐྲུན་བྱས་ཏེ། ཉིས་སྟོང་ཉེར་ལྔ་ལོའི་བར། ཚད་ལྡན་མཁོ་འདོན་དེ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་ནས་སྲིད་གཞུང་དང་ཚོང་ར་མཉམ་ འཛིན་བྱེད་པར་སྒྱུར་དགོས་པ་དང་། ཚད་ལྡན་བཀོལ་སྤྱོད་དེ་ཐོན་ལས་དང་ཉོ་ཚོང་གཙོ་ཡིན་པ་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཡོངས་སུ་སྒྱུར་དགོས་ལ། ཚད་ལྡན་ཅན་གྱི་བྱ་བ་དེ་རྒྱལ་ནང་སྐུལ་འདེད་དེ་རྒྱལ་སྤྱི་རྒྱལ་ནང་གིས་ཕན་ཚུན་ལ་སྐུལ་འདེད་བྱེད་པར་སྒྱུར་དགོས་པ་དང་། ཚད་ལྡན་ཅན་འཕེལ་རྒྱས་དེ་གྲངས་ཚད་གཞི་ཁྱོན་ཅན་ནས་སྤུས་ཚད་དང་ཕན་འབྲས་ཅན་གྱི་ཕྱོགས་སུ་སྒྱུར་དགོས། ཚད་ལྡན་ཅན་གྱིས་ཕན་ནུས་ཆེ་བའི་སྒོ་ནས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲན་ཤུགས་ཇེ་ཆེར་འགྲོ་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་མ་ཟད་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་གསར་སྐྲུན་བྱེད་པའི་ཁྲོད་དུ་ནུས་པ་ཆེན་པོ་འདོན་དགོས།

རྩ་གནད་ལས་ད་དུང་ཚད་ལྡན་ཅན་དང་ཚན་རྩལ་གསར་སྐྲུན་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་ཚད་ལྡན་ཅན་འགན་སྲུང་བྱེད་པ། གྲོང་གསེབ་འཛུགས་སྐྲུན་དང་སྤྱི་ཚོགས་འཛུགས་སྐྲུན་ཚད་ལྡན་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། ཚད་ལྡན་ཅན་གྱི་ཕྱི་ཕྱོགས་སྒོ་འབྱེད་ཆུ་ཚད་ཇེ་མཐོར་གཏོང་བ། ཚད་ལྡན་ཅན་གྱི་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་བ། ཚད་ལྡན་ཅན་གྱི་འཕེལ་རྒྱས་རྨང་གཞི་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ཐད་ལ་བཀོད་སྒྲིག་གསལ་བོ་བྱས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།