ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་ལ་ཁ་པར་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་ལ་ཁ་པར་བཏང་། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་འཇར་པན་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན། “བྱམས་བརྩེ་ཆེ་ཞིང་ཁྱིམ་མཚེས་ལ་མཐུན་པ་ནི་རྒྱལ་ཁབ་ཀྱི་གཅེས་ནོར་ཡིན།” ཀྲུང་འཇར་གྱི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བར་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཨེ་ཤེ་ཡ་མ་ཟད་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལའང་ཕན་པ་ཡོད། མིག་སྔར། ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བར་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད། ཀྲུང་གོས་འཇར་པན་གྱི་སྲིད་གཞུང་གསར་པས་རྒྱལ་ཁབ་གཉིས་པོའི་མཐོ་རིམ་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་པར་མཐོང་ཆེན་བྱས་པར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། འཇར་པན་ལ་གླེང་མོལ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཏེ། ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གཏོད་པའི་སྙིང་སྟོབས་ལ་གཞིགས་ནས། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཀྲུང་འཇར་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། སང་ལོ་ནི་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་ནས་ལོ50འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་པོས་ཐོག་མའི་བསམ་འདུན་བསྐྱར་དྲན་དང་། དམིགས་འབེན་གཅིག་ལ་ཕྱོགས་ནས། ཐུན་མོང་གིས་ལོ་རྒྱུས་ཀྱི་མཚམས་ཚིགས་གལ་ཆེན་དེ་བསུས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་མདུན་ལམ་གསར་པ་གཏོད་པའི་རེ་བ་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་གྱིས་ནན་ཏན་སྒོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དྲང་ལྡོག་གཉིས་ཀྱི་ཉམས་མྱོང་བསྡུ་ལེན་བྱས་ཏེ། ཀྲུང་གོ་དང་འཇར་པན་བར་གྱི་ཆབ་སྲིད་ཀྱི་ཡིག་ཆ་བཞི་ནང་གཏན་འཁེལ་བྱས་པའི་རྩ་དོན་ཁག་ལ་བརྩི་སྲུང་བྱ་རྒྱུ་དང་། “ཕན་ཚུན་མཉམ་ལས་རོགས་ཟླ་བྱ་རྒྱུ་ལས་ཕན་ཚུན་ལ་འཇིགས་སྐུལ་མི་བཟོ་བའི”ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་ལག་ལེན་ཏན་ཏིག་བྱེད་དགོས། ལོ་རྒྱུས་དང་ཐའེ་འབྲེལ་སོགས་ཚོར་སྐྱེན་གནད་དོན་གལ་ཆེན་ཁག་ཐག་གཅོད་འོས་འཚམ་བྱས་ནས། མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ་དང་། ཡང་དག་པའི་ཁ་ཕྱོགས་ལ་སྟངས་འཛིན་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་དང་སྤྱི་ཡོངས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཕྱོགས་གཉིས་པོས་རྒྱལ་སྲིད་སྐྱོང་ལུགས་ཀྱི་འབྲེལ་འདྲིས་དང་། དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་དྲང་གཞག་སྒོ་འབྱེད་ཀྱི་ཉོ་ཚོང་དང་མ་འཇོག་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་དགོས། ཕྱོགས་གཉིས་པོས་དངོས་དོན་གྱི་ཕྱོགས་མང་རིང་ལུགས་ལག་ཏུ་བསྟར་ནས། རང་ངོས་ཀྱི་རྩ་བའི་ཁེ་ཕན་དང་མིའི་རིགས་ཀྱི་ཐུན་མོང་ཁེ་ཕན་ལ་གཞིགས་ཏེ། མཐུན་པ་མཉམ་གནས་དང་མི་མཐུན་སོར་བཞག བདེ་སྡུག་མཉམ་གནས་ཀྱི་ཨེ་ཤེ་ཡ་ཤར་མའི་བློ་གྲོས་དར་སྤེལ་གཏོང་བ་དང་། ཧུར་ཐག་སྒོས་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོ་རང་བཞིན་གྱི་འགྲན་སློང་ལ་མཐུན་སྦྱོར་ཁ་གཏད་གཅོག་པ་བཅས་བྱས་ནས། འཛམ་གླིང་ཞི་བདེ་དང། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྲུང་སྐྱོང་བྱེད་དགོས། འཇར་པན་གྱིས་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་སྒྲུབ་པར་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་། འཇར་པན་གྱིས་སང་ལོའི་ཟླ2པར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པར་དགའ་བསུ་ཞུ། 

ཨན་ཐེན་ཝུན་ཞུང་གིས་ཀྲུང་གོའི་རྒྱལ་སྟོན་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུས། ཨན་ཐེན་གྱིས་བསྟན་དོན། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་འོག འཇར་ཀྲུང་གི་འབྲེལ་བ་དུས་རབས་གསར་པར་སྐྱོད་བཞིན་ཡོད། འཇར་པན་གྱིས་ཀྲུང་གོ་དང་མཉམ་དུ་འཇར་ཀྲུང་འབྲེལ་བའི་ལོ་རྒྱུས་ཁྲོད་ནས་བློ་སྒོ་གལ་ཆེན་བླངས་ཤིང་། སང་ལོའི་འཇར་ཀྲུང་རྒྱལ་ཁབ་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བྱས་ཏེ། ཐུན་མོང་ཐོག་དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་དགེ་མཚན་རང་བཞིན་དང་། བརྟན་བརླིང་ཡིན་པའི་འཇར་པན་དང་ཀྲུང་གོའི་འབྲེལ་བ་གཏོད་འདོད་ཡོད། ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་བརྟེན་ནས་ཕྱོགས་འགལ་ལ་དོ་དམ་ཚོད་འཛིན་བྱེད་དགོས། འཇར་པན་གྱིས་ཀྲུང་གོ་དང་མཉམ་དུ་དཔལ་འབྱོར་མཉམ་ལས་དང་དམངས་ཁྲོད་འབྲེལ་འདྲིས་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ། པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱེད་འདོད་ཡོད། འཇར་པན་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་འཚོག་པར་རེ་སྒུག་བྱེད་ཀྱིན་ཡོད། 

ཕྱོགས་གཉིས་པོས་ཐེངས་འདིའི་གླེང་མོལ་ནི་དུས་སུ་འཁེལ་བ་དང་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པར་ངོས་འཛིན་བྱས། བྱ་ཐབས་སྣ་ཚོགས་བརྒྱུད་ཕན་ཚུན་འབྲེལ་འདྲིས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡང་དག་དང་འཕེལ་རྒྱས་སུ་འགྲོ་བར་ཁ་ཕྱོགས་གསལ་བོ་སྟོན་བར་མོས་མཐུན་བྱུང་། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།