ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གླེང་མོལ་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་ཤིང་ཤིས་ཚིག་ཕུལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གླེང་མོལ་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས་ཤིང་ཤིས་ཚིག་ཕུལ། 

ཝང་དབྱི་ཡིས་བསྟན་དོན། 1991ལོར་གླེང་མོལ་འབྲེལ་བ་བཙུགས་ཚུན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མཐུན་སྒྲིལ་འབད་འབུངས་དང་མཉམ་ལས་གཉིས་ཕན་གྱི་ལམ་བུར་བསྐྱོད་དེ། རང་ས་ཁུལ་མ་ཟད་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཕྱོགས་གཉིས་ཀྱིས་ལོ་འཁོར30ཡི་རིང་བསགས་པའི་རྩ་ཆེའི་ཉམས་མྱོང་ལ་གཅེས་སྤྲས་ལྡབ་འགྱུར་བྱས་ཏེ། སྔར་ལས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ན། རང་ངོས་འཕེལ་རྒྱས་དང་ས་ཁུལ་གྱི་ཡུན་རིང་ཞི་བདེ་དང་དར་རྒྱས་ཀྱི་ཆེད་དུ་སྔར་ལས་ཕན་ཡོད་ཀྱི་འཐབ་ཇུས་ཁོར་ཡུག་གཏོད་དགོས།

ཝང་དབྱི་ཡིས་གྲོས་མགོ་ཁག་དྲུག་བཏོན་པ་སྟེ། གཅིག་ནི་མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཟོས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བའི་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གཉིས་ནི་འཕེལ་རྒྱས་ཀྱི་རླབས་རྒྱུན་ལ་སྣེ་ཁྲིད་དེ་དངོས་སྒྲུབ་མཉམ་ལས་ཀྱི་འཕར་གཞི་གསར་པ་གཏོད་པ། གསུམ་ནི་དམངས་འཚོའི་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་བཏང་ནས་མི་དམངས་ཀྱིས་མཉམ་ལས་ཁེ་ཕན་མཉམ་སྤྱོད་ཐུབ་པར་འགན་ལེན་བྱེད་པ། བཞི་ནི་མི་རབས་ནས་མི་རབས་བར་གྱི་མཛའ་བརྩེ་རྒྱུན་འཛིན་བྱས་ནས་སྤྱི་ཚོགས་དང་རིག་གནས་འབྲེལ་འདྲིས་ཀྱི་ཀ་རྟེན་སྲ་བརྟན་དུ་གཏོང་བ། ལྔ་ནི་ཞི་བདེའི་འདུན་མར་དམིགས་ནས་ལྷོ་རྒྱ་མཚོ་ས་ཁུལ་གྱི་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བྱེད་པ། དྲུག་ནི་འཛམ་གླིང་གི་གནས་བབ་ཆེན་པོར་གཞིགས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་དྲང་ནུས་ཀྱི་ལེགས་སྐྱེས་འབུལ་བ་བཅས་སོ། །

ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་པེ་ཅིན་ཨུ་ཡོན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའམ། ཀྲུང་གོར་སྡོད་པའི་ཝུན་ལེའི་གཞུང་ཚབ་ཆེན་མོ་ལ་ཧེ་མ་ཉི་ཡིས་བསྟན་དོན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བའི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་པ་དང་། ཀྲུང་གོ་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས། ས་ཁུལ་ཀྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་དུ་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་བར་རེ་སྒུག་བྱེད་ཀྱིན་ཡོད།

ཚོགས་འདུའི་སྔོན་དུ། ཝང་དབྱི་ཡིས་ཐུན་མོང་ཐོག་ཀྲུང་གོར་སྡོད་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བཅུ་ཡི་གཞུང་ཚབ་པར་མཇལ་འཕྲད་གནང་། 

ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གླེང་མོལ་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་དེ་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་བརྩེ་མཐུན་ཚོགས་ཀྱིས་གཉེར་བ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།