ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གྲོས་དཔོན་ཚོགས་འདུ་སྐབས་བདུན་པར་ཞུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ10པའི་ཚེས7ཉིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བརྙན་ལམ་བརྒྱུད་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གྲོས་དཔོན་ཚོགས་འདུ་སྐབས་བདུན་པར་ཞུགས་ཤིང་གཏམ་བཤད་གནང་བཞིན་པའི་རྣམ་པ་རེད།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བརྙན་ལམ་བརྒྱུད་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གྲོས་དཔོན་ཚོགས་འདུ་སྐབས་བདུན་པར་ཞུགས་ཤིང་གཏམ་བཤད་གནང་། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། མིག་སྔར། པྲོག་གསར་གློ་ཚད་རིམས་ནད་ཡང་ཡང་མཆེད་ཅིང་། ལོ་བརྒྱའི་འགྱུར་ལྡོག་དང་སྦྲགས་འཛམ་གླིང་འདི་ཉིད་གཡོ་འགུལ་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ནས། གོ་ལ་ཧྲིལ་པོ་རང་བཞིན་གྱི་འགྲན་སློང་སྔར་བྱུང་མྱོང་མེད་པ་ཞིག་ལ་འཕྲད་ཡོད། ཐེངས་འདིའི་ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི“མི་དམངས”ཡིན་ལ། ཏག་ཏག་དུས་ལ་ཁེལ་ཡོད། གནསས་བབ་གསར་པ་དང་འགྲན་སློང་གསར་པའི་མདུན་དུ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་རྒྱལ་ཁབ་སོ་སོའི་ཁྲིམས་འཛུགས་སྒྲིག་གཞིས་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བར་སྔར་ལས་ཐུན་མོང་མ་ཡིན་ཞིང་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་དགོས། 

ལི་ཀྲན་ཧྲུའུ་ཡིས་ཁྲིམས་འཛུགས་སྒྲིག་གཞིའི་བར་གྱི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་གྲོས་མགོ་ཁག་གསུམ་བཏོན་ཡོད་དེ། གཅིག་ནི་མཐུན་སྒྲིལ་རིམས་འགོག་དང་ཚན་རིག་རིམས་འགོག་བྱེད་དགོས།  ཚེ་སྲོག་གོང་དུ་བཀུར་བའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། མི་རེ་རེའི་ཚེ་སྲོག་དང་། རིན་ཐང་། ལ་རྒྱ་ལ་སྲུང་སྐྱོང་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་། འགག་རྩའི་དངོས་ཟོག སྤྱི་པའི་འཕྲོད་བསྟེན་སོགས་ཀྱི་ཁྱབ་ཁོངས་སུ་རྒྱལ་སྤྱིའི་མཉམ་ལས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་བརྩིས་ནས། རིམས་འགོག་སྨན་ཁབ་ཀྱི་ཁྱབ་བདལ་བྱེད་ཚད་དང་འགན་ཁུར་ཐེག་ཚད་ཆེ་རུ་གཏོང་དགོས།  ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས100ལྷག་ལ་རིམས་འགོག་སྨན་ཁབ་དུང་ཕྱུར14ལྷག་མཁོ་འདོན་བྱས་ཤིང་། ལོ་ཧྲིལ་པོར་ཕྱི་ཕྱོགས་ལ་རིམས་འགོག་སྨན་ཁབ་དུང་ཕྱུར20མཁོ་འདོན་བྱ་རྒྱུ་ཡིན། ཆབ་སྲིད་དེ་ཚན་རིག་གི་མཆོག་ཏུ་འཛིན་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ།  གཉིས་ནི་ལྷད་མེད་སྐྱོན་བྲལ་གྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མི་རིང་བའི་སྔོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྐབས་བཅུ་དྲུག་པའི་ཐོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་གཟབ་ནན་གྱིས་བཏོན་ནས་ནན་གྱིས་བསྟན་དོན། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་ལོངས་སུ་སྤྱོད་པ་དང་། འཕེལ་རྒྱས་སྔོན་འགྲོ་ཡིན་པ་དང་། ཀུན་ཕན་ཁོངས་ཡངས། གསར་གཏོད་མཉམ་ལས་བཅས་མཐའ་འཁྱོངས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་སླར་གསོ་ཡོང་བར་འབད་བརྩོན་བྱེད་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་བཅག་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་མགྱོགས་པོ་བྱས་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་དགོས། གསུམ་ནི་དངོས་འབྲེལ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ལག་ཏུ་བསྟར་ནས། ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་བརྟན་སྲུང་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བ་ཡིན་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བཅས་བྱེད་དགོས། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་སྒོ་འབྱེད་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་གཏོད་པར་སྐུལ་འདེད་གཏོང་དགོས། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན། མི་དམངས་ལྟེ་བར་འཛིན་པ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་འདུ་ཤེས་ཡིན། ཀྲུང་གོ་དུས་བཀག་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ལོ་རྒྱུས་རང་བཞིན་གྱིས་དབུལ་ཕོངས་གནད་དོན་ཐག་གཅོད་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད། ཀྲུང་གོས་མུ་མཐུད་དུ་རང་སྟེང་གི་གསར་སྒྱུར་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་བ་འདོན་སྤྲོད་བྱེད་རྒྱུ་ཡིན། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྒྱལ་ཁབ་སོ་སོའི་གྲོས་ཚོགས་དང་འབྲེལ་འདྲིས་མཉམ་ལས་དང་། སྐྱིད་སྡུག་མཉམ་མྱོང་། སེམས་ཤུགས་གཅིག་སྒྲིལ་བྱས་ནས། འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅག་སྟེ། འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད། 

2010ལོར་བཙུགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གྲོས་དཔོན་གྲོས་ཚོགས་ནི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིས་ཁྲིམས་འཛུགས་སྒྲིག་གཞིའི་བར་འབྲེལ་འདྲིས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཡིན། ཐེངས་འདིའི་ཚོགས་འདུ་ཟླ10པའི་ཚེས7ཉིན་དངཚེས8ཉིན་བར་དབྱི་ཐ་ལིའི་རོ་མར་དྲ་ཐོག་དང་དྲ་ཕྱིའི་ཟུང་འབྲེལ་སྒོས་འཚོགས་པ་དང་། དབྱི་ཐ་ལིའི་ཙུང་ལི་ཏེ་ལ་ཅི་དང་། གྲོས་ཁང་གོང་མའི་གྲོས་དཔོན་ཁཱ་སའེ་ལ་ཏི། གྲོས་ཁང་འོག་མའི་གྲོས་དཔོན་ཧྥེ་ཁེ། རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་གྱི་ཀྲུའུ་ཞི་ཕ་ཆེ་ཁེ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིའི་ཁྲིམས་འཛུགས་སྒྲིག་གཞིའི་འགོ་ཁྲིད་པ། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས། ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི“གྲོས་ཚོགས། མི་དམངས་ལ་ཞབས་འདེགས་ཞུ། གོ་ལ་ཧྲིལ་བོར་མི་ལྟ་བྱེད། དར་རྒྱས་ལ་སྐུལ་འདེད་གཏོང་།”ཞེས་པ་དེ་ཡིན། ཚོགས་ཞུགས་ཀྱི་ཕྱོགས་སོ་སོས“རིམས་ནད་ལས་བྱུང་བའི་སྤྱི་ཚོགས་དང་ལས་ཞུགས་ཀྱི་ཉེན་ཁར་ཁ་གཏད་པ”“སྤྱི་ཚོགས་ཁོར་ཡུག་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག་དཔལ་འབྱོར་འཕར་འཕེལ་སླར་གསོ་བྱེད་པ”“རིམས་ནད་རྗེས་ཀྱི་དུས་རབས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲུ་རིགས་བདེ་འཇགས”སོགས་གྲོས་གཞིར་གླེང་མོལ་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།