ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་གཞུང་ལམ་དང་ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་སུ་གཅིག་བསྡུས་ཀྱིས་ཕྱིར་ལོག་པའི་འགྲུལ་རྒྱུན་བསུས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།   རྩོམ་པ་པོ། : བསོད་ནམས་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བཅུ་བའི་ཚེས་དྲུག་ཉིན། རྒྱལ་ཡོངས་ཀྱི་གཞུང་ལམ་དང་ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་སུ་གཅིག་བསྡུས་ཀྱིས་ཕྱིར་ལོག་པའི་འགྲུལ་རྒྱུན་བསུས། 

ཚེས་དྲུག་ཉིན། ཚོད་དཔག་བྱས་པ་ལྟར་ན་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲུལ་སྐྱེལ་ལས་མི་ཐེངས་བྱེ་བ་བཞི་དང་ས་ཡ་བཞི་འབུམ་ལྔ་བསྐྱལ་བ་དང་། མུ་འབྲེལ་གྱིས་བསྡུར་ན་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་བཞི་འཕར་ཡོད། སྔ་དྲོ་ནས་བཟུང་ས་ཁུལ་མང་བོའི་མྱུར་བགྲོད་གཞུང་ལམ་གྱི་ཕྱིར་ལོག་པའི་རླངས་འཁོར་རྒྱུན་ཇེ་མང་དུ་སོང་བ་དང་། འགྲིམ་འགྲུལ་གྱི་བཞུར་ཚད་ཁ་སང་ལས་ཇེ་མང་དུ་སོང་ཡོད། ཉིན་གུང་གི་རྗེས་སུ། པེ་ཅིང་དང་ཧྲང་ཧེ། ཅང་སུའུ། ཀོང་ཏུང་སོགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕྱིར་ལོག་པའི་རླངས་འཁོར་རྒྱུན་བསྟུད་མར་ཇེ་མང་དུ་སོང་ཡོད་ལ། ལམ་ཐིག་སྐོར་ཞིག་ཏུ་རླངས་འཁོར་གྱི་བཞུར་རྒྱུན་ཆེ་བས་དལ་མོར་བགྲོད་དགོས་ཡོད། 

པེ་ཅིང་མངའ་ཁོངས་ཀྱི་པེ་ཅིང་ནས་ཧྲང་ཧེའི་མྱུར་བགྲོད་གཞུང་ལམ་དང་པེ་ཅིང་ནས་ཞང་ཀང་། པེ་ཅིང་ནས་ཨོ་མིན་གྱི་མྱུར་བགྲོད་གཞུང་ལམ། པེ་ཅིང་ནས་བོད་ལྗོངས་ཀྱི་མྱུར་བགྲོད་གཞུང་ལམ་བཅས་ཀྱི་པེ་ཅིང་ཕྱོགས་དང་། ཅང་སུའུ་མངའ་ཁོངས་ཀྱི་པེ་ཅིང་ནས་ཧྲང་ཧེའི་མྱུར་བགྲོད་གཞུང་ལམ་གྱི་ཝུའུ་ཞེའི་ལམ་མཚམས། ཧྲིན་དབྱང་ནས་ཧེ་ནན་གྱི་མྱུར་བགྲོད་གཞུང་ལམ་གྱི་ནན་ཐུང་ལམ་མཚམས། ཞིན་ཅང་ནས་དབྱང་ཀྲོའུ་ཡི་མྱུར་བགྲོད་གཞུང་ལམ་གྱི་ཧོའེ་ཨན་ལམ་མཚམས། ཀོང་ཏུང་མངའ་ཁོངས་ཀྱི་ཧྲིན་དབྱང་ནས་ཧེ་ནན་གྱི་མྱུར་བགྲོད་གཞུང་ལམ་གྱི་མའོ་མེན་ལམ་མཚམས། ཞུའུ་ཀྲོའུ་ནས་ཀོང་ཏུང་གི་མྱུར་བགྲོད་གཞུང་ལམ་གྱི་ཆིན་ཡོན་ལམ་མཚམས། སི་ཁྲོན་གྱི་པེ་ཅིང་ནས་ཁོན་མེན་གྱི་མྱུར་བགྲོད་གཞུང་ལམ་གྱི་གཡག་རྔའི་ལམ་མཚམས་སོགས་སུ་རླངས་འཁོར་མང་བོ་ཡོད། 

ལྕགས་ལམ་ཐད་ནས་ཚེས་དྲུག་ཉིན་ཚོད་དཔག་ལྟར་ན་རྒྱལ་ཡོངས་ཀྱི་ལྕགས་ལམ་ལས་འགྲུལ་བ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་ལྔ་ཁྲི་ལྔ་བསྐྱལ་ཡོད། འགྲུལ་སྐྱེལ་མེ་འཁོར་སྟོང་གཅིག་དང་ཉིས་བརྒྱ་དང་གསུམ་ཁ་སྣོན་བྱས། པེ་ཅིང་དང་ཧྲང་ཧེ། ཁྲིན་ཏུའུ། ཧྲིན་དབྱང་། ཅིི་ནན། ནན་ཉིན་སོགས་ཀྱི་ལྕགས་ལམ་ཅུའུ་སོ་སོས་འགྲུལ་སྐྱེལ་མེ་འཁོར་ཁ་སྣོན་བྱས་ཏེ་སྐྱེལ་འདྲེན་གྱི་ནུས་པ་ཇེ་ཆེར་བཏང་། ལྕགས་ལམ་སྡེ་ཁག་སོ་སོས་རིམས་ནད་འགོག་བཅོས་དང་སྐྱེལ་འདྲེན་རྩ་འཛུགས་ལ་གཅིག་གྱུར་བཀོད་འདོམ་བྱས། པེ་ཅིང་དང་ཀྲིན་ཀྲོའུ། ཞི་ཨན། ཁོན་མེན་སོགས་ལྕགས་ལམ་ཅུའུ་ཡིས་མེ་འཁོར་ས་ཚིགས་ཀྱི་དྲོད་ཚད་འཇལ་བ་དང་རླུང་རྒྱུ་དུག་སེལ་ལ་ཤུགས་སྣོན་བྱས་པར་མ་ཟད། འགྲུལ་བར་སེམས་དྲོ་བའི་ཞབས་ཞུ་སྣ་ཚོགས་འདོན་སྤྲོད་བྱས་ནས། འགྲུལ་བ་དག་ཕྱིར་ལོག་པར་རོགས་འདེགས་བྱས། 

ཚེས་དྲུག་ཉིན་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཚོད་དཔག་བྱས་པ་ལྟར་ན་འགྲུལ་བ་མི་ཐེངས་ས་ཡ་གཅིག་དང་འབུམ་བཞི་སྐྱེལ་འདྲེན་བྱས་པ་དང་། གནམ་གྲུ་གཏོང་ཐེངས་ཁྲི་གཅིག་དང་སྟོང་གསུམ་དགུ་བརྒྱར་བསླེབས་ཡོད། 

གནམ་གཤིས་འཁོར་སྐར་ལྟ་ཞིབ་ལས་མངོན་པ་ལྟར་ན། ཚེས་དྲུག་ནས་བཟུང་། རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་དུ་ཆར་བ་འབབ་ཚད་ཇེ་ཉུང་དུ་འགྲོ་སྲིད་པ་དང་། ཚེས་བདུན་ཉིན་ཆར་ཆེན་འབབ་པའི་ནམ་ཟླ་དེ་ཕལ་ཆེར་མཇུག་སྒྲིལ་སྲིད། གནམ་རུབ་ནས་ཆར་འབབ་པ་དང་མཁའ་དབུགས་འཁྱག་པའི་ཤུགས་རྐྱེན་འོག ཧྭ་པེ་དང་ཧོང་ཧོའེ་སོགས་ས་ཁུལ་དུ་མ་འོངས་པའི་ཉིན་གསུམ་གྱི་དྲོད་ཚད་བསྟུད་མར་ཇེ་དམའ་རུ་འགྲོ་སྲིད་པ་དང་། འབྲི་ཆུའི་ལྷོ་བརྒྱུད་སོགས་ས་ཁུལ་གྱི་དྲོད་ཚད་མཐོན་པོ་རིམ་བཞིན་ཞི་འཇགས་སུ་འགྲོ་སྲིད། མ་འོངས་པའི་ཉིན་གསུམ་ནང་། ནུབ་བྱང་དང་ཧྭ་པེ། ཧོང་ཧོའེ་སོགས་ས་ཁུལ་གྱི་དྲོད་ཚད་བསྟུད་མར་ཇེ་དམའ་རུ་སོང་ནས། ཆེས་མཐོའི་དྲོད་ཚད་ཡོངས་ཁྱབ་ཏུ་དྲོད་གྲངས་བཅོ་ལྔ་ཡས་མས་ལས་མེད། ཆེད་མཁས་པས་གསལ་འདེབས་བྱས་དོན། རྒྱལ་སྟོན་གནང་བའི་ཕྱིར་ལོག་པའི་འགྲུལ་བ་ཆེས་མང་བའི་དུས་ལ་འཁེལ་ཡོད་པས། མང་ཚོགས་དག་ཆར་བ་འབབ་པའི་ཉིན་མོར་འགྲུལ་བཞུད་བྱེད་ན་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དང་། ཞོར་དུ་བྱང་ཕྱོགས་ས་ཁུལ་ནས་འཁྱག་འགོག་དྲོད་སྲུང་ལ་དོ་སྣང་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།