ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་མཆོད་དུས་ཆེན་སྐབས་སུ་རྒྱལ་ནང་གི་ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར371.49ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་དང་ཡུལ་སྐོར་པུའུ་ཡི་གཞི་གྲངས་ལྟེ་གནས་ཀྱིས་ཚད་ལེན་ཞིབ་རྩིས་བྱས་པ་ལྟར་ན། 2021ལོའི་ཟླ་མཆོད་གུང་གསེང་ཉིན3རིང་རྒྱལ་ཡོངས་སུ་བསྡོམས་པས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི8815.93ལ་སླེབས་ནས། བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན2019ལོའི་ཟླ་མཆོད་གུང་གསེང་གི87.2%བར་སླར་གསོ་བྱུང་ཡོད། རྒྱལ་ནང་གི་ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར371.49མངོན་འགྱུར་བྱས་ཏེ། བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན2019ལོའི་ཟླ་མཆོད་གུང་གསེང་གི78.6%བར་སླར་གསོ་བྱུང་ཡོད།

ཟླ་མཆོད་གུང་གསེང་རིང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་དུས་བབ་འོག་གི་ཉེན་ཁ་འགོག་པ་དང་། བདེ་འཇགས་འགན་སྲུང་བྱེད་པ། བརྟན་བརླིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཐབས་སོ་སོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་བྱེད་སྒོ་ཆེ་ཤོས105ཚང་མ་བདེ་འཇགས་དང་བདེ་བླག་ངང་སྤེལ་བས་ཉེས་དོན་དང་བདེ་འཇགས་ཉེན་རྟོག་གི་གནས་ཚུལ་དུས་མཚུངས་ལས་སོ་སོར29.3%དང22.8%ཆག་ཡོད། རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་གཞུང་ལམ་གཙོ་བོའི་འགྲིམ་འགྲུལ་ཕྱོགས་ཡོངས་ནས་ཤར་གཏོང་བྱས། ཁྱབ་ཁོངས་ཆེ་བ་དང་ལམ་ཐག་རིང་བ། འགྲིམ་འགྲུལ་འགག་པ། རླངས་འཁོར་མི་སྣ་འགག་པ་བཅས་ཀྱི་གནས་ཚུལ་བྱུང་མེད་པ་རེད། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་འགན་སྲུང་བྱ་ཆེད། རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རིམ་པ་མཐོ་བའི་གཞུང་ལས་དང་བྱེད་ཐབས་ནན་པོ་དངོས་འབེབས་བྱེད་མགོ་ཚུགས་ནས་ཉིན་རེར་ཆ་སྙོམས་ཉེན་རྟོག་པ་མི་ཐེངས་ཁྲི15.5དང་ཉེན་རྟོག་པའི་རླངས་འཁོར་མི་ཐེངས་ཁྲི5.4ལྷག་བཏང་ཡོད། 

གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་ཤེས་གསལ་ལྟར་ན། ཚེས21ཉིན་གྱི་ཆུ་ཚོད20བར་རྒྱལ་ཡོངས་ཀྱི་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་དང་རང་བྱུང་གནོད་འཚེ་ཆེན་པོ་བྱུང་མེད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཟླ་མཆོད་གུང་གསེང་རིང་གི་བདེ་འཇགས་ཉེན་ཟོན་དང་འཕྲལ་བསྟུན་འགོག་སྲུང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྔ་མོ་ནས་བདེ་འཇགས་ཉེན་ཁ་བརྡར་ཤ་གཅོད་པ་དང་གཅིག་གྱུར་བཀོད་སྒྲིག་བྱས། དུས་ཆེན་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་ལས་དོན་ཚོགས་ཆུང9ས་གནས་སོ་སོར་མངགས་ནས་ཉེན་ཡོད་རྫས་འགྱུར་དངོས་རྫས་དང་གཏེར་རི། བཟོ་ལས་དང་ཚོང་དོན་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་སུ་ལྐོག་རྩད་མངོན་བཤེར་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།