ཀྲུང་གོ་བོད་ཀྱི་དྲ་བ།

དགུ་གཅིག་བརྒྱད་དུས་འགྱུར་མི་བརྗེད་པར་ཉེན་བརྡ་གཏོང་བའི་མཛད་སྒོ་ཧྲིན་དབྱང་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དགུ་གཅིག་བརྒྱད་དུས་འགྱུར་བྱུང་ནས་ལོ་འཁོར་དགུ་བཅུ་ལོན་པའི་སྐབས་སུ། དགུ་གཅིག་བརྒྱད་དུས་འགྱུར་མི་བརྗེད་པར་ཉེན་བརྡ་གཏོང་བའི་མཛད་སྒོ་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོ་ལེའོ་ཉིན་ཞིང་ཆེན་ཧྲིན་དབྱང་གྲོང་ཁྱེར་གྱི་དགུ་གཅིག་བརྒྱད་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་གི་ལི་ཐོའི་རྡོ་རིང་ཐང་ཆེན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཚོགས་འདུར་ཞུགས་ཏེ་གཏམ་བཤད།

སྔ་དྲོའི་དུས་ཚོད་དགུའི་སྟེང་དུ་མཛད་སྒོ་དངོས་སུ་མགོ་བརྩམས་པ་ན་ཚོགས་ར་ཡོངས་ཀྱིས་རྒྱལ་གླུ་སྐད་མཐོན་པོས་བླངས། དེའི་རྗེས་སུ་ཀྲའོ་ལི་ཅི་ཡིས་གཏམ་བཤད་དེ་བསྟན་དོན། ཉེན་བརྡ་དང་ཉེན་སྐུལ་གཏོང་བའི་མཛད་སྒོ་བསྡུ་དོན་ནི་དགའ་སྐྱོ་གཉིས་ལྡན་གྱི་ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ་དང་གསར་བརྗེ་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བ། མཛེས་པའི་མ་འོངས་པ་བསྐྲུན་པ་བཅས་ཀྱི་ཆེད་ཡིན། ལོ་རྒྱུས་ཀྱི་ལྟ་བ་ཡང་དག་པ་རྒྱུན་འཁྱོངས་དང་། འཇར་འགོག་དམག་འཁྲུག་གི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་བཞུད་ལམ། གཙོ་རྒྱུན་རང་བཞིན་བཅས་ལ་གོ་བ་མ་ནོར་བ་ལེན་པ། མུ་མཐུད་མདུན་དུ་སྐྱོད་བྱེད་ཀྱི་ཤེས་རབ་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། རང་རྟོགས་སྒོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་བཅས་ལ་འབད་དེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཆེད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་འཐབ་ལྷོད་མེད་བྱེད་དགོས།

སུན་ཁྲུན་ལན་དང་ཧོང་ཁུན་མེན། ཁྲིན་ཀྲུའུ། ཀྲིན་ཅན་པང་། མེའོ་ཧྭ་བཅས་མཛད་སྒོར་ཞུགས། ཀྲའོ་ལི་ཅི་སོགས་འགོ་ཁྲིད་བློ་མཐུན་གྱིས་རིགས་སོ་སོའི་མང་ཚོགས་འཐུས་མི་དང་ལྷན་དུ་དགུ་གཅིག་བརྒྱད་དུས་འགྱུར་གྱི་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་ལ་ལྟ་སྐོར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།