ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་མཚོའི་རླུང་འཚུབ་ཀྱི་ཉེན་བརྡ་ལི་མདོག་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་དབྱང་གནམ་གཤིས་ཁང་གིས་ཟླ9པའི་ཚེས13ཉིན་གྱི་དུས་ཚོད6གི་སྟེང་མུ་མཐུད་དུ་རྒྱ་མཚོའི་རླུང་འཚུབ་ཀྱི་ཉེན་བརྡ་ཁྱབ་བསྒྲགས་བྱས།

ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང14པ“ཚན་ཏུའུ”ཁ་སང(ཚེས12ཉིན)དགོང་མོར་རྒྱ་མཚོའིུ་རླུང་འཚུབ་དྲག་པོ་ཚབས་ཆེན་ནས་རྒྱ་མཚོའི་རླུང་འཚུབ་དྲག་པོར་རིམ་པ་ཆག དེ་རིང(ཚེས13ཉིན)ཞོགས་པའི་ཆུ་ཚོད5པར། དེའི་ལྟེ་བ་ཀྲེ་ཅང་ཞང་ཧྲན་རི་བོའི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ185ཡི་མཚམས་ཀྱི་མཚོ་ངོས་ཏེ། བྱང་འཕྲེད་ཏུའུ28.3དང་ཤར་གཞུང་ཏུའུ123.3གྱི་སར་ཡོད། ལྟེ་བའི་ཉེ་འདབས་སུ་ཆེས་ཆེ་བའི་རླུང་ཤུགས་རིམ་པ15(སྐར་ཆ་རེར་སྨི48)ཡོད་པ་དང་། ལྟེ་བའི་ཆེས་དམའ་བའི་རླུང་གནོན945པེ་ཕཱ་ཡིན། རིམ་པ་བདུན་པའི་རླུང་འཁོར་གྱི་ཚངས་ཕྱེད་ལ་སྤྱི་ལེ220ནས300ཡོད། རིམ་པ་བཅུ་བའི་རླུང་འཁོར་གྱི་ཚངས་ཕྱེད་ལ་སྤྱི་ལེ80ནས130ཡོད། རིམ་པ་བཅུ་གཉིས་ཀྱི་རླུང་འཁོར་གྱི་ཚངས་ཕྱེད་ལ་སྤྱི་ལེ40ནས60ཡོད།

སྔོན་དཔག་ལྟར་ན། “ཚན་ཏུའུ”ཆུ་ཚོད་རེར་སྤྱི་ལེ25ཡས་མས་ཀྱི་མྱུར་ཚད་ཀྱིས་བྱང་ཕྱོགས་ཀྱི་ནུབ་མཚམས་སུ་སྤོ་སྐྱོད་བྱེད་ལ། ཚེས13ཉིན་གྱི་ཕྱི་དྲོར། ཀྲོའུ་ཧྲན་གླིང་ཚོམ་བརྒྱུད་ཅིང་། ཚེས13ཉིན་གྱི་དགོང་མོར། ཧྲང་ཧའེ་ཕུའུ་ཏུང་ཁུལ་ནས་ཅང་སུའུ་ཆི་ཏུང་ས་ཁུལ་གྱི་མཚོ་རྒྱུད་དུ་སྐམ་སར་ཐོན་སྲིད་ལ། (སྐར་ཆ་རེར་སྨི33ནས40བར། རླུང་རིམ12ནས13བར། རྒྱ་མཚོའི་རླུང་འཚུབ་རིམ་པ)  ཡང་ན་ཧང་ཀྲོའུ་མཚོ་ཁུག་ནས་འབྲི་ཆུའི་རྒྱུགས་ཁའི་བར་རྒྱུད་ནས་ཕྱིར་ཕྱོགས་ཏེ། ཚེས16ཉིན་བྱང་ཤར་ཕྱོགས་སུ་ཁ་ཕྱོགས་བསྒྱུར་ཡང་སྲིད། དྲག་ཚད་ཇེ་ཆུང་དུ་འགྲོ་ངེས། 

རླུང་ཆེན་གྱི་སྔོན་བརྡ། ཚེས13ཉིན་གྱི་ཆུ་ཚོད8ནས་ཚེས14ཉིན་གྱི་ཆུ་ཚོད8བར་དུ། ཧོང་ཧའེ་རྒྱ་མཚོའི་དབུས་རྒྱུད་དང་ལྷོ་རྒྱུད། ཤར་རྒྱ་མཚོ། ཐའེ་ཝན་མཚོ་འགག ཐའེ་ཝན་ཤར་གྱི་མཚོའི་རྒྱུད། ཧྥུའུ་ཅན་བྱང་ཕྱོགས་ཀྱི་མཚོ་རྒྱུད། ཀྲེ་ཅང་གི་མཚོ་རྒྱུད། ཧྲང་ཧའེ་ཡི་མཚོ་རྒྱུད། ཅང་སུའུ་ཡི་མཚོ་རྒྱུད། ཧྲན་ཏུང་ལྷོ་ཕྱོགས་ཀྱི་མཚོ་རྒྱུད། ཧང་ཀྲོའུ་མཚོ་ཁུག འབྲི་ཆུའི་རྒྱུགས་ཁ་བཅས་སུ་རིམ་པ6ནས8བར་གྱི་རླུང་ཆེན་གཡུག་རྒྱུ་རེད། དེའི་ནང་ཤར་རྒྱ་མཚོའི་ནུབ་རྒྱུད་དང་། ཧོང་ཧའེ་རྒྱ་མཚོའི་ལྷོ་ནུབ་རྒྱུད་། ཀྲེ་ཅང་བྱང་ཕྱོགས་ཀྱི་མཚོ་རྒྱུད། ཧྲང་ཧའེ་ཡི་མཚོ་རྒྱུད། ཅང་སུའུ་ལྷོ་ཕྱོགས་ཀྱི་མཚོ་རྒྱུད། ཧང་ཀྲོའུ་མཚོ་ཁུག འབྲི་ཆུའི་རྒྱུགས་ཁ་བཅས་ཀྱི་རླུང་ཤུགས་རིམ་པ9ནས10བར་ཆེ་རུ་འགྲོ་རྒྱུ་རེད། མཚོ་ཁོངས་དང་ས་ཁུལ་ཁ་ཤས་སུ་རླུང་ཤུགས་རིམ་པ11ནས13བར་དང་། ཐོལ་རླུང་རིམ་པ14ནས15བར་ཟིན་ངེས། རྒྱ་མཚོའི་རླུང་འཚུབ་ལྟེ་བ་བརྒྱུད་པའི་ཉེ་འགྲམ་གྱི་མཚོ་ཁོངས་སམ་ས་ཁུལ་གྱི་རླུང་ཤུགས་རིམ་པ14ནས15བར་དང་། ཐོལ་རླུང་རིམ་པ16ནས17བར་ཟིན་ངེས།  

དྲག་ཆར་གྱི་སྔོན་བརྡ། ཚེས13ཉིན་གྱི་ཆུ་ཚོད8ནས་ཚེས14ཉིན་གྱི་ཆུ་ཚོད8བར། ཅང་སུའུ་ཡི་ཤར་ལྷོའི་ཕྱོགས་དང་ཧྲང་ཧའེ། ཨན་ཧུའེ་ཤར་ཕྱོགས། ཀྲེ་ཅང་དབུས་བྱང་སོགས་ས་ཁུལ་ཁག་ཅིག་ལ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་ལ། དེའི་ནང་ཅང་སུའུ་ཡི་ཤར་ལྷོའི་ཕྱོགས་དང་ཧྲང་ཧའེ། ཀྲེ་ཅང་བྱང་ཤར་ཕྱོགས་བཅས་ཀྱི་ས་ཁུལ་ཁ་ཤས་ལ་དྲག་ཆར་ཆེན་པོ་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 

འགོག་སྲུང་ཕྱོགས་སྟོན། 

1. སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ལྟར་རྒྱ་མཚོའི་རླུང་འཚུབ་སྔོན་འགོག་དང་ཉེན་སེལ་གྱི་འཕྲལ་སྡོམ་ལས་དོན་ཡག་པོ་སྒྲུབ་དགོས། 

2. མཚོ་ཐོག་ལས་སྒྲུབ་དང་འགྲོ་འོང་བྱེད་པའི་གྲུ་གཟིངས་གྲུ་ཁར་རླུང་གཡོལ་བྱེད་པར་ལོག་ནས། གྲུ་ཁའི་སྒྲིག་བཀོད་ཇེ་བརྟན་དུ་བཏང་སྟེ་གྲུ་གཟིངས་ཀྱིས་གཏིང་ཐག་ལྷོད་པ་དང་བྱེ་མར་སུག་པ། གདོང་གཏུག་རྒྱག་པ་བཅས་ལ་སྔོན་འགོག་བྱེད་དགོས།

3. ཁང་པའི་ཕྱི་ནང་གི་འདུ་འཛོམས་ཆེ་གྲས་དང་བར་སྣང་སོགས་ཕྱི་རོལ་གྱི་ཉེན་ཁ་ཆེ་བའི་བྱ་བའི་སྤེལ་མཚམས་འཇོག་དགོས། 

4. རླུང་གིས་སྒུལ་སླ་བའི་ཨར་སྐྲུན་དངོས་པོ་ཇེ་བརྟན་དུ་གཏོང་བའམ་ཡང་ན་བཤིག་དགོས། ལས་དོན་མི་སྣ་རང་དགར་ངང་ཕྱིར་མི་སྐྱོད་པར་རླུང་འགོག་བདེ་འཇགས་ཀྱི་གནས་སུ་འདུག་དགོས། རྒན་རྒོན་དང་བྱིས་པ་ཁྱིམ་གྱི་ཆེས་བདེ་འཇགས་ཡིན་པའི་ས་ཆར་འདུག་དགོས། ཉེན་ལྡན་ཁང་པའི་ནང་གི་མི་སྣ་དུས་ཐོག་ཏུ་གནས་སྤར་དགོས། རྒྱ་མཚོའི་རླུང་འཚུབ་ལྟེ་བ་བརྒྱུད་པའི་ས་ཆར་དུས་ཐོག་ཏུ་རླུང་ཤུགས་ཇེ་ཆུང་དུ་འགྲོ་བའམ་དུས་ཚོད་ངེས་ཅན་རིང་རླུང་འཇགས་སྲིད། དེའི་རྗེས་སུ་རླུང་འཚུབ་ཆེན་པོ་གློ་བུར་དུ་ལྡང་ངེས་པས། མུ་མཐུད་བདེ་འཇགས་ཀྱི་རླང་གཡོལ་ས་ཆར་འདུག་དགོས་པ་དང་། ཉེན་ཡོད་ཁང་པའི་ནང་གི་མི་སྣ་དུས་ཐོག་ཏུ་གནས་སྤར་དགོས། 

 5.འབྲེལ་ཡོད་ས་ཁུལ་གྱིས་དྲག་ཆར་ལས་ཐོན་སྲིད་པའི་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེའི་སྔོན་འགོག་བྱ་བར་དོ་སྣང་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།