ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་རྩལ་འགྲན་ཚོགས་སྐབས་སོ་གཉིས་པའི་ཕུལ་བྱུང་ལུས་རྩལ་རུ་ཁག་དང་ལུས་རྩལ་པར་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་གྱི་ལུས་རྩལ་པ་ཚོས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་སོ་གཉིས་པའི་ཐོག་གཡུར་ཟའི་གྲུབ་འབྲས་བླངས་པར་གཟེངས་བསྟོད་བྱེད་ཆེད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྒྱལ་ཁབ་ཕིང་ཕང་སྤོ་ལོའི་རུ་ཁག་དང་། རྒྱལ་ཁབ་ཆུ་མཆོང་རུ་ཁག རྒྱལ་ཁབ་ལྗིད་འདེགས་རུ་ཁག རྒྱལ་ཁབ་མེ་མདའ་མདའ་འཕེན་རུ་ཁག་བཅས་ལུས་རྩལ་རུ་ཁག4ལ་རྒྱལ་ཡོངས་བཟོ་པའི་གདོང་ལེན་རུ་ཁག་གི་གཟེངས་རྟགས་གནང་བ་དང་། ཨོ་རྩལ་འགྲན་ཚོགས་སུ་གསེར་གྱི་རྟགས་མ་ལེན་མཁན་དབྱང་ཆིན་སོགས་ལུས་རྩལ་པ45དང་། ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བྱུང་བའི་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་གི་ལུས་རྩལ་པ་སུའུ་པིང་ཐེན་ལ་རྒྱལ་ཡོངས་ངལ་རྩོལ་གཟེངས་རྟགས་གནང་།

རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བཟོ་པ་ཚོས་གཟེངས་བསྟོད་ཐོབ་པའི་ཨོ་རྩལ་ལུས་རྩལ་པ་མིག་དཔེར་བཟུང་ནས། རང་རང་གི་ལས་གནས་ཐོག་ཡག་ཐོག་ཡག་བརྩེགས་དང་། ཕུལ་བྱུང་བརྩོན་ལེན། རྩེ་གྲ་བརྩོན་ལེན། ཧུར་ཐག་གིས་བྱས་རྗེས་འཇོག་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཤེས་གསལ་ལྟར་ན། སྤྱི་ཁྱབ་བཟོ་ཚོགས་ཀྱིས་དེ་སྔོན་ཧྲི་ཐིང་མའོ་དང་། ཕང་ཝེ། ཧྲི་ཀྲི་ཡུང་། མཱ་ལུང་། ཚའོ་ཡོན། ཀྲུང་ཐེན་ཧྲི། ལུའུ་ཞའོ་ཅུན་བཅས་ལུས་རྩལ་པ7ལ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་སྤྲད་ཟིན་པས། ཐེངས་འདིར་བསྐྱར་དུ་མ་སྤྲད་པ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།