ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཤ་མོ་སྐྱེ་རྩྭ་ཕྱི་ཕྱོགས་ལ་རོགས་སྐྱོར་བྱས་ནས་ལོ་འཁོར20ལོན་པ་དང་རྒྱུན་མཐུད་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤ་མོ་སྐྱེ་རྩྭ་ཕྱི་ཕྱོགས་ལ་རོགས་སྐྱོར་བྱས་ནས་ལོ་འཁོར20ལོན་པ་དང་རྒྱུན་མཐུད་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་ཤ་མོ་སྐྱེ་རྩྭའི་ལག་རྩལ་ནི“རྩྭ་ཡིས་ཤིང་གི་ཚབ་བྱེད་པའི”ཀྲུང་གོའི་ཁྱད་ལྡན་གྱི་ལག་རྩལ་ཞིག་ཡིན་ལ། དེ་ནི་འོད་དང་ཚ་བ། ཆུ་བཅས་ཞིང་ལས་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་ལས་གྲུབ་ཅིང་། སྐྱེ་དངོས་དང་རི་དྭགས། ཤ་མོའི་རིགས་བཅས་འཁོར་རྒྱུག་ཐོན་སྐྱེད་བྱ་ཆོག་པ། དཔལ་འབྱོར་དང་སྤྱི་ཚོགས། ཁོར་ཡུག་བཅས་ཀྱི་ཕན་འབྲས་དམ་འབྲེལ་ཡོང་བ། སྐྱེ་ཁམས་དང་འབྲུ་རིགས། ནུས་ཁུངས་བདེ་འཇགས་བཅས་ལ་ཕན་པ་ཞིག་རེད། ངས་དུས་ཡུན་རིང་བོར་ཤ་མོ་སྐྱེ་རྩྭའི་ལག་རྩལ་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་དོ་ཁུར་བྱེད་བཞིན་ཡོད་ལ། 2001ལོར་ཀྲུང་གོའི་ཤ་མོ་སྐྱེ་རྩྭའི་ལག་རྩལ་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་རྟེན་གཞི་པཱ་པུ་ཡའི་ཞིན་ཅི་ནི་ཡ་རུ་བཙུགས་ཤིང་། དེ་རག་བར་ལག་རྩལ་འདི་ཉིད་འཛམ་གླིང་གི་རྒྱལ་ཁབ་བརྒྱ་ལྷག་ལ་ཁྱབ་སྤེལ་བྱས་ཏེ། དབུལ་ཕོངས་སེལ་བའམ་ལས་ཞུགས་ལ་སྐུལ་སྤེལ་བྱེད་པ། སླར་སྐྱེས་ཐུབ་པའི་ཐོན་ཁུངས་བེད་སྤྱོད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཀྱི་འཕེལ་རྒྱས་དམིགས་འབེན་དང་ཟུང་འབྲེལ་བྱས་ནས། རང་ས་གནས་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་མཐོར་འདེགས་འབྱུང་བར་སྐུལ་སྤེལ་གྱི་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དངོས་འབེབ་བྱེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་འཆར་གཞི་འདོན་རྒྱུ་མ་ཟད། ཤ་མོ་སྐྱེ་རྩྭའི་ལག་རྩལ་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི“བདེ་སྐྱིད་ཀྱི་འདུམ་རྩྭ”རུ་གྱུར་བར་སྐུལ་འདེད་གཏོང་དགོས།

ཤ་མོ་སྐྱེ་རྩྭ་ཕྱི་ཕྱོགས་ལ་རོགས་སྐྱོར་བྱས་ནས་ལོ་འཁོར20ལོན་པ་དང་རྒྱུན་མཐུད་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཉིན་དེར་པེ་ཅིན་ནས་དྲ་སྟེང་དང་ཡུལ་དངོས་ཟུང་འབྲེལ་གྱི་ལམ་ནས་ཚོགས་ཤིང་། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་དང་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱི་མཉམ་དུ་སྒྲུབ་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།