ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་ཁ་པར་བཏང་། 

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཚུན་དུ། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས《ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་འཁོར20ལོན་པར་རྟེན་འབྲེལ་ཞུ་བ་མགོ་འཛུགས་ས་གསར་པར་བརྩིས་ནས། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་དང་ཁྱོན་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གསར་པ་རབ་དང་རིམ་པ་ཐོབ་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་རང་ངོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་དུས་ངལ་མཉམ་སེལ་བྱ་བར་སྲོག་ཤིང་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ཡོད། ཕྱོགས་གཉིས་པོས་མཉམ་ལས་བྱེད་སྟངས་གསར་གཏོད་དང་། མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་བཏང་ནས། མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་མང་བོ་བརྩོན་ལེན་བྱེད་དགོས། མིག་སྔར། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་བརྟན་བརླིང་མིན་པ་དང་། རྒྱལ་སྤྱིའི་རིམས་ནད་སྔོན་འགོག་ལས་འགན་ལ་དཀའ་ཚེགས་ཆེན་པོ་ཡོད་པས། ཀྲུང་གོས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད་མཉམ་ལས་གཏིང་ཟབ་བྱས་ཏེ། རིམས་འགོག་སྨན་ཁབ་ཀྱི་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་བརྟན་ལྷིང་ལ་འགན་ལེན་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་། གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་འདུས་གྲུབ་བསྐྲུན་ཆེད། ཀྲུང་ཨུའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལྷམ་རྐང་པར་འཚམ་མིན་གྱོན་མཁན་གྱིས་ད་གཟོད་རྟོགས། ལམ་ལུགས་གང་ཞིག་ཀྲུང་ཨུ་རྒྱལ་ཁབ་གཉིས་པོར་ལག་བསྟར་བྱེད་ཐུབ་མིན་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད། དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་པའི་ཆ་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། ཀྲུང་གོས་ཨུ་རུ་སུས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཨུ་རུ་སུས་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་སྤྱད་པའི་བྱེད་ཐབས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ད་ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་འཁོར20ལོན་པ་གོ་སྐབས་སུ་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཁུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས། 

ཕྱོགས་གཉིས་པོས་ཨ་ཧྥུ་ཧན་གྱི་གནས་བབ་ཐད་དགོངས་འཆར་བརྗེ་རེས་གནང་། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཨ་ཧྥུ་ཧན་གྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་ཀྱིན་ཡོད། ཨ་ཧྥུ་ཧན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་ཏེ། ཐོག་མཐའ་བར་གསུམ་དུ། ཆབ་སྲིད་ཀྱིས་ཨ་ཧྥུ་ཧན་གྱི་གནད་དོན་ཐག་གཅོད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད། ཀྲུང་གོས་ཨུ་རུ་སུ་གཏོགས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ཨ་ཧྥུ་ཧན་གྱི་ཕྱོགས་སོ་སོ་དང་གྲོས་མོལ་བྱས་ཏེ། སྒོ་འབྱེད་བསྟུན་མཁས་ཀྱི་ཆབ་སྲིད་ཀྱི་སྒྲོམ་གཞི་འཛུགས་པ་དང་། ཞི་འཇམ་དང་སྐྱོན་བྲལ་གྱི་ཕྱི་ནང་སྲིད་ཇུས་ལག་ལེན་བསྟར་ནས། རིགས་སོ་སོའི་འཇིགས་སྐུལ་རྩ་འཛུགས་དང་འབྲེལ་བ་བཅད་དེ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་མཐའ་འཁོར་རྒྱལ་ཁབ་དང་མཛའ་མཐུན་མཉམ་གནས་བྱེད་པར་སྐུལ་ལྕག་བྱེད་ཀྱིན་ཡོད།

ཕུའུ་ཅིང་གིས་བསྟན་དོན། ཨུ་རུ་སུས་ཨུ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་བློ་ཡིད་ཚིམས་ཡོད། ད་ལོ་ནི《ཨུ་ཀྲུང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་འཁོར20ལོན་པའི་ལོ་ཡིན་པས། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་དམིགས་བསལ་གྱི་དོན་སྙིང་ལྡན། ལོ76གི་སྔོན། ཨུ་ཀྲུང་གིས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད། མི་རིགས་བློས་གཏོང་ཆེན་པོ་བྱས་ནས་ཐག་གཅོད་རང་བཞིན་གྱི་བྱས་རྗེས་བཞག་ཡོད། མིག་སྔའི་དུས་བབ་འོག ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་གཏིང་ཟབ་བྱས་ནས། ཕན་ཚུན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོབ་དང་། ལོ་རྒྱུས་ཀྱི་དོན་དངོས་ལ་སྲུང་སྐྱོང་བྱེད་དགོས། ཨུ་རུ་སུས་མཐའ་གཅིག་ཏུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ཏེ། ཐའེ་ཝན་དང་། ཞང་ཀང་།  ཞིན་ཅང་བཅས་དང་འབྲེལ་བའི་གནད་དོན་དང་། ལྷོ་རྒྱ་མཚོ་སོགས་ཀྱི་གནད་དོན་ཐད། ཀྲུང་གོས་རང་ཉིད་ཀྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་ལུགས་མཐུན་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། པྲོག་གསར་ནད་དུག་གི་འབྱུང་རྩ་ཆབ་སྲིད་ཅན་ལ་ངོ་རྒོལ་བཅས་བྱས་ནས། ཀྲུང་གོ་དང་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། 

ཕུའུ་ཅིང་གིས་བསྟན་དོན། མིག་སྔར། ཨ་ཧྥུ་ཧན་གྱི་གནས་བབ་ལ་འཕོ་འགྱུར་བྱུང་བ་དེས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་རང་གི་ཆབ་སྲིད་ཀྱི་རྣམ་པ་བཙན་ཤེད་ངང་ཁྱབ་གདལ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་ཐབས་མེད་པ་དང་། འབྲེལ་ཡོད་རྒྱལ་ཁབ་ལ་གཏོར་བཤིག་དང་གནོད་འཚེ་བཟོ་བ་ལས་མེད་པ་བསྟན་ཡོད། ཨུ་རུ་སུ་དང་ཀྲུང་གོར་ཨ་ཧྥུ་ཧན་གྱི་གནད་དོན་ཐད་ལངས་ཕྱོགས་གཅིག་པ་དང་། ཐུན་མོང་གི་ཁེ་ཕན་ཡོད་པས། ཨུ་རུ་སུས་ཀྲུང་གོ་དང་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱས་ཏེ། ཨ་ཧྥུ་ཧན་དང་འབྲེལ་བའི་གནད་དོན་གྱི་ཕྱོགས་མང་ལམ་སྲོལ་ནང་ཞུགས་ནས། ཨ་ཧྥུ་ཧན་གྱི་གནས་བབ་བརྟན་བརླིང་ངང་བར་བརྒལ་ཐུབ་པར་སྐུལ་འདེད་གཏོང་བ་དང་། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ། དུག་རྫས་ལྐོག་འདྲེན་གྱི་མཚམས་གཅོད་པ། ཨ་ཧྥུ་ཧན་གྱི་བདེ་འཇགས་ཉེན་ཁ་ཕྱིར་མཆེད་འགོག་པ། ཕྱི་རོལ་སྟོབས་ཤུགས་ཀྱིས་གཏོར་བཤིག་དང་ཐེ་ཇུས་བྱ་རྒྱུར་བཀག་འགོག་བྱེད་པ། ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོབ་བཅས་བྱེད་འདོད་ཡོད།

ཕྱོགས་གཉིས་ཀྱིས་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་རྙོག་འཛིང་ཆེ་བའི་ངང་འགྱུར་ལྡོག་འགྲོ་བཞིན་ཡོད་ལ། ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་པོས་དུས་ཐོག་ཏུ་ཕྱོགས་གཉིས་དང་ཕྱོགས་མང་གི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་བྱ་རྒྱུ་ཧ་ཅང་གལ་འགངས་ཆེ་ལ་དགོས་ངེས་ཡོད་པས། མུ་མཐུད་དུ་བྱེད་ཐབས་སྣ་ཚོགས་བརྒྱུད་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུའི་གཅིག་མཐུན་ངོས་འཛིན་བྱུང་། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།