ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་དགེ་རྒན་ལས་རིགས་ཀྱི་བྱ་སྤྱོད་ཚད་གཞི་བཅུ་དང་འགལ་བའི་གྱོད་དཔེ8དམར་འདོན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ8པའི་ཚེས25ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། སློབ་གསོ་པུའུ་ཡིས་ཉེ་ལམ་སྐོར་བདུན་པའི་དགེ་རྒན་ལས་རིགས་ཀྱི་བྱ་སྤྱོད་ཚད་གཞི་བཅུ་དང་འགལ་བའི་གྱོད་དཔེ8སྤྱི་བསྒྲགས་དམར་འདོན་བྱས་པ་དང་། དེ་དག་སྐྱེས་དངུལ་ལེན་པ་དང་རིན་ཡོད་གསབ་ཁྲིད། རིག་གཞུང་གི་སྤྱོད་ཚུལ་མི་ལེགས་པ་སོགས་དགེ་རྒན་གྱི་ཀུན་སྤྱོད་དང་འགལ་བའི་གནད་དོན་ལ་ཁྱབ་ཡོད། དཔེ་མཚོན་གྱོད་གཞི8དང་འབྲེལ་བའི་དགེ་རྒན་དག་ལ་ཐག་གཅོད་ནན་མོ་བྱས་ཡོད།

དཔེ་མཚོན་གྱོད་གཞི་དེ་དག་ནི། ཧོ་པེ་ཚང་ཀྲོའུ་གྲོང་ཁྱེར་ཧྭ་པེ་སྣུམ་ཞིང་སློབ་གྲྭ་ག་གེ་མོའི་དགེ་རྒན་ཚའོ་ཆེ་གེ་མོས་སློབ་མའི་ཁྱིམ་བདག་གི་ལེགས་སྐྱེས་དང་སྐྱེས་དངུལ་བླངས་པའི་གནད་དོན་དང་། ཀོས་ཀྲོའུ་ཞིང་ཆེན་པིས་ཅེ་གྲོང་ཁྱེར་ཧའོ་ཀྲང་རྫོང་གི་དགེ་རྒན2ཀྱིས་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་སུ་རིན་ཡོད་གསབ་ཁྲིད་བྱས་པའི་གནད་དོན། ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཞིན་ཆིན་ཆུས་བྱིས་གཉོར་ཁང་ག་གེ་མོའི་དགེ་རྒན3གྱིས་བྱིས་པར་མནར་གཅོད་བྱས་པའི་གནད་དོན། ཁྲུང་ཆིན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཐང་ཆེ་གེ་མོས་གཏམ་བཤད་ནོར་འཁྲུལ་སྤེལ་བའི་གནད་དོན། ཅི་ལིན་ཞིང་ལས་ཚན་རིག་གླིང་གི་དགེ་རྒན་ཝང་ཆེ་གེ་མོས་སློབ་མར་ཆགས་སྲེད་བསླངས་པ་དང་རིག་གཞུང་གི་སྤྱོད་ཚུལ་མི་ལེགས་པ་སོགས་ཀྱི་གནད་དོན། ཁྲིན་ཏུའུ་ལུས་རྩལ་སློབ་གླིང་གི་དགེ་རྒན་ཏིང་ཆེ་གེ་མོ་དང་མི་གཞན་བར་ལུགས་མཐུན་མིན་པའི་ལུས་འབྲེལ་བྱུང་བའི་གནད་དོན། པེ་ཅིང་ཕྱི་སྐད་སློབ་གླིང་གཉིས་པའི་དགེ་རྒན་མུས་ཆེ་གེ་མོའི་རིག་གཞུང་སྤྱོད་ཚུལ་མི་ལེགས་པའི་གནད་དོན། ཆུའུ་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་ཝང་ཆེ་གེ་མོའི་རིག་གཞུང་སྤྱོད་ཚུལ་མི་ལེགས་པའི་གནད་དོན་བཅས་ཡིན།

སློབ་གསོ་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། གྱོད་དཔེ་འདི་དག་གིས་མིག་སྔར་དགེ་རྒན་ཁ་ཤས་ལ་སྔར་བཞིན་ཕུགས་འདུན་དད་སེམས་མེད་པ་དང་སློབ་མ་སྐྱོང་བའི་འདུ་ཤེས་ཞན་པ། སྒྲིག་ཁྲིམས་འདུ་ཤེས་ཞན་པ་བཅས་གསལ་བོར་མཚོན་ཡོད་པས། སློབ་མར་གནོད་སྐྱོན་ཚབས་ཆེན་ཐེབས་ནས་དགེ་རྒན་གྱི་དཔུང་སྡེའི་སྣང་བརྙན་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་ཟེར།

འགན་ཁུར་མི་སྣ་དེས་བསྟན་དོན། ས་ཁུལ་སོ་སོའི་སློབ་གསོ་སྡེ་ཁག་དང་སློབ་གྲྭས་སྔར་ལས་ལྷག་པའི་སྒོ་ནས་དགེ་རྒན་གྱི་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་པ་དང་། ཁྲིམས་སྐྱོང་སློབ་གསོ་དང་སྒྲིག་ཁྲིམས་ཀྱིས་སློབ་གསོ་ཚད་ལྡན་དུ་གཏོང་བར་ཤུགས་བསྣན་ཏེ། དགེ་རྒན་གྱི་ཕུགས་འདུན་དད་སེམས་དང་རྒྱལ་གཅེས་བརྩེ་སེམས། རིན་ཐང་སྣེ་ཁྲིད་ལ་དམིགས་ནས་ཁ་གཏད་རང་བཞིན་གྱིས་སྣེ་ཁྲིད་དང་སློབ་གསོ་གཏོང་བ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་མཐོ་གནོན་གནས་སྟངས་རྒྱུན་བསྐྱངས་ནས་མུ་མཐུད་དུ་ནུས་ཤུགས་མི་ལྷོད་པ་དང་ཚད་གཞི་མི་དོར་བ། རྣམ་འགྱུར་མི་འགྱུར་བར་བྱས་ཏེ་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཆད་གཅོད་ནན་མོ་བྱེད་དགོས།

དུས་མཚུངས་སུ། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་གཟབ་ནན་དུ་བཏང་ནས། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་དང་མཐོ་རིམ་སློབ་གླིང་གི་སྲིད་འཛིན་འགན་འཁུར་མི་སྣ་གཙོ་བོ། ཏང་རྩ་འཛུགས་ཀྱི་འགན་འཁུར་མི་སྣ་གཙོ་བོའི་ཐད་ཀར་གྱི་སྣེ་ཁྲིད་འགན་འཁུར་དངོས་འབེབས་བྱེད་པ་དང་། དངོས་འབེབས་ཀྱི“མཇུག་མཐའི་ལེ་དབར་གཅིག”ཤར་གཏོང་བྱས་ནས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཕན་འབྲས་ལེགས་པོ་ཐོབ་པར་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།