ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཆེན་ཚང་ཡོན་རྫོང་མཐའ་མཚམས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཚོར་འཕྲིན་ལན་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཆེན་ཚང་ཡོན་རྫོང་མཐའ་མཚམས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཚོར་འཕྲིན་ལན་སྤྲིངས་ནས།

ཡུལ་མི་སྤུན་ཟླ་ཚོས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་དེ་དུས་རབས་གསར་པའི་ཨ་དབའ་མི་དམངས་ཀྱི་བདེ་སྐྱིད་གླུ་དབྱངས་ལེན་དགོས་ཞེས་སྐུལ་མ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཆེན་ཚང་ཡོན་དབའ་རིགས་རང་སྐྱོང་རྫོང་མཐའ་མཚམས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཚོར་འཕྲིན་ལན་སྤྲིངས་ནས། ཁོང་ཚོས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཡུལ་མི་སྤུན་ཟླ་ཚོར་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོབ་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་། 

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བཤད་རྒྱུར། ཁྱོད་ཚོའི་འཕྲིན་ཡིག་བཀླགས་རྗེས། དབུལ་ཐར་འགག་སྒྲོལ་ཁྲོད་ཨ་དབའ་རི་བོར་བྱུང་བའི་འགྱུར་ལྡོག་ཆེན་པོ་ཤེས་རྟོགས་བྱུང་བས། ཨ་དབའ་མི་དམངས་ཀྱིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་ཟོལ་མེད་བརྩེ་སེམས་ཚོར་བྱུང་ལ། ང་ཡང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཚོ་ཚང་མ་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཡིན་ལ། དུས་ཡུན་རིང་བོར་མཐའ་མཚམས་ས་ཁུལ་དུ་ལས་ཀ་དང་འཚོ་བ་སྐྱེལ་བས། མཐའ་མཚམས་ཕྱུག་འགྱུར་དང་མཐའ་མཚམས་བརྟན་ལྷིང་གི་དོན་སྙིང་ལྷག་དུ་རྟོགས་ཡོད། དབུལ་ཐར་ནི་བདེ་སྐྱིད་འཚོ་བའི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་པས། ང་ཚོས་མུ་མཐུད་དུ་གྲོང་གསེབ་དར་རྒྱས་དང་མཐའ་དར་དམངས་ཕྱུག་ནན་འཛིན་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ཐུན་མོང་ངང་ཕྱུག་འགྱུར་དང་། མཐའ་མཚམས་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས། ཁྱེད་ཚོས་མུ་མཐུད་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཡུལ་མི་སྤུན་ཟླ་ཚོས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་ཏེ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོབ་བྱེད་པ་བཅས་ལ་སྣེ་ཁྲིད་ནས། དུས་རབས་གསར་པའི་ཨ་དབའ་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་གླུ་དབྱངས་ལེན་རྒྱུའི་རེ་བ་ཡོད། 

ཡུན་ནན་ཞིང་ཆེན་ཚང་ཡོན་དབའ་རིགས་རང་སྐྱོང་རྫོང་དེ་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པ་དང་། རྒྱལ་ཡོངས་ཀྱི་དབའ་རིགས་འདུས་སྡོད་ཁུལ་ཆེ་ཤོས་ཡིན། ས་གནས་དེ་གའི་དབའ་རིགས་མང་ཚོགས་ལ་རྒྱལ་གཅེས་མཐའ་སྲུང་གི་གཟི་བརྗིད་སྲོལ་རྒྱུན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ས་གནས་དེའི་དབུལ་ཐར་འགག་སྒྲོལ་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་ནས། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་དང་། སྡོད་ཁང་གི་བདེ་འཇགས་དང་། འཐུང་ཆུའི་བདེ་འཇགས། ནད་ལ་ལྟ་བ་དང་སྨན་ཁང་དུ་སྡོད་པ། བུ་ཕྲུག་སློབ་གྲྭར་སྐྱོད་པ་སོགས་ལ་འགན་ལེན་ཐོབ་ཡོད། 2019ལོའི་ལོ་མཇུག་ཏུ། རྫོང་དེའི་དབུལ་ཕོངས་གྲོང་ཚོ67གྱི་དབུལ་པོ་མི་ཁྲི4ལྷག་ཚང་མ་དབུལ་ཐར་བྱུང་བ་རེད། ཉེ་ཆར། རྫོང་དེའི་པན་ཧུང་ཤང་དང་པན་ལོ་ཤང་གི་མཐའ་མཚམས་གྲོང་ཚོ9ཡི་ཀྲི་པུའུ་ཧྲུའུ་ཅི་རྒན་པ10ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། དབའ་རིགས་མི་དམངས་དབུལ་ཐར་བྱུང་སྟེ། འཚོ་བ་ཡག་པོ་སྐྱེལ་བའི་གནས་ཚུལ་སྙན་སེང་ཞུས་ནས་མི་རབས་ནས་མི་རབས་བར་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ཏེ། ཕ་ཡུལ་སྔར་བས་མཛེས་སྡུག་དང་འབྱོར་ཕྱུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།