ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧི་ནན་གྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས18ཉིན་ནས་ཚེས19ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧི་ནན་ཞིང་ཆེན་གྱི་ཧི་པིས་དང་ཞིན་ཞང་། ཀྲིན་ཀྲིག་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། འགོ་འཛིན་བྱས་ཏེ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས། ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་རྒུད་སྐྱོབ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་དང་། ཐོག་མཐའ་བར་གསུམ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལས་དོན་ཀུན་གྱི་གཙོ་བོར་འཛིན་པ། ཞོད་འགོག་རྒུད་སྐྱོབ་ཀྱི་བྱེད་ཕྱོགས་དམ་པོར་འཛིན་པ་བཅས་ལ་འབད་དེ། བསྐྱར་འཛུགས་བྱ་བའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས།

ལིས་ཁི་ཆང་གིས་ཆེད་དོན་ཚོགས་འདུའི་སྟེང་བཤད་རྒྱུར། གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་འོས་འགན་ལྕི་མོ་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་དགོས། ས་གནས་ཀྱིས་རང་འཁྲིའི་འོས་འགན་ཕྲག་སྟེང་དུ་འཁུར་རྒྱུ་དང་། གནོད་ཐེབས་ཚབས་ཆེན་ཡིན་པའི་ས་ཁུལ་གྱི་བསྐྱར་འཛུགས་བྱ་བར་འཆར་འགོད་ལེགས་པོ་འཐེན་དགོས་ལ། ཆུས་གནོད་སྐྱོན་བཟོས་པའི་ཞིང་ས་སླར་གསོ་ཡོང་བར་བྱེད་པ། སྟོན་ཀ་དང་དགུན་ཁའི་འདེབས་འཛུགས་ལས་རིགས་དང་ཁང་བ་བསྐྱར་འཛུགས་ལས་དོན་སྔར་ལས་ཇེ་བརྟན་དུ་གཏོང་བ། ཁེ་ལས་ཀྱི་ལས་ཐོན་སླར་གསོའི་བྱ་བར་རོགས་འདེགས་བྱེད་དགོས་པའི་དུས་མཚུངས་སུ། བཟོ་སྐྲུན་རང་བཞིན་གྱི་བྱེད་ཕྱོགས་ལ་བརྟེན་ནས་ཞན་ཆ་ཁ་གསབ་དང་གྲོང་ཁྱེར་ནང་གི་ཆར་ཞོད་སོགས་ཀྱི་གནད་དོན་གང་མགྱོགས་ཐག་གཅོད་བྱེད་དགོས།

ཝང་ཡུང་དང་ཞའོ་ཅེ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།