ཀྲུང་གོ་བོད་ཀྱི་དྲ་བ།

2022ལོར་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་གློག་རྡུལ་ཅན་གྱི་ཁ་ལོ་བའི་འཛིན་ཡིག་ཁྱབ་གདལ་དུ་གཏོང་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས18ཉིན།  གསར་འགོད་པས་སྤྱི་བདེ་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས1ཉིན་ཐེན་ཅིན་དང་ཁྲེང་ཏུའུ། སུའུ་ཀྲོའུ་བཅས་ས་གནས་གསུམ་དུ་ཁ་ལོ་བའི་འཛིན་ཡིག་གློག་རྡུལ་ཅན་དུ་བསྒྱུར་བར་ཚོད་ལྟ་བྱེད་སྒོ་ཚུགས་པ་ནས་བཟུང་། མང་ཚོགས་ཁྲི195ལྷག་གིས་གློག་རྡུལ་ཁ་ལོ་བའི་འཛིན་ཡིག་རེ་ཞུ་བྱས་ཡོད་པ་རེད། ད་ལོའི་ལོ་མཇུག་དུ་ཚོད་ལྟ་བྱེད་ཁྱོན་ཆེ་རུ་བཏང་ནས2022ལོར་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་རེད། 

1.jpg

ཁ་ལོ་བའི་གློག་རྡུལ་འཛིན་ཡིག་ལ་གཅིག་གྱུར་རང་བཞིན་དང་དུས་ཐོག་རང་བཞིན། བདེ་འཇགས་རང་བཞིན་བཅས་ཀྱི་ཁྱད་ཆོས3ཡོད་པས། ཁ་ལོ་བས་རེ་ཞུ་དང་སྟོན་པ། བེད་སྤྱོད་བཅས་བྱེད་པར་སྟབས་བདེ་སྐྲུན་ཡོད། སྤྱི་བདེ་པུའུ་ཡི་གསར་འགྱུར་མགྲིན་ཚད་པ་ལི་གོ་ཀྲུང་གིས་བཤད་རྒྱུར། ཁ་ལོ་བའི“འགྲིམ་འགྲུལ་དོ་དམ12123”APPམི་སྒེར་གྱི་སྟེགས་བུའི་སྟེང་རེ་ཞུ་བྱས་ནས་ལེན་པ་དང་། ཁ་ལོ་བའི་གློག་རྡུལ་འཛིན་ཡིག་གི་བཟོ་དབྱིབས་རྒྱལ་ཡོངས་གཅིག་གྱུར་ཡིན་པས་ཤོག་བུའི་ཁ་ལོ་བའི་འཛིན་ཡིག་དང་གཅིག་མཚུངས་ཀྱི་བཅའ་ཁྲིམས་ནུས་པ་ལྡན་ཟེར། 

རྒྱུས་ལོན་པ་ལྟར་ན།  ཁ་ལོ་བའི་གློག་རྡུལ་འཛིན་ཡིག་དེ་རྒྱལ་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་གློག་རྡུལ་འཛིན་ཡིག་མ་ལག་བརྒྱུད་ནས་གྲུབ་པ་དང་འགུལ་རྣམ་གྱི་ཁ་ལོ་བའི་འཛིན་ཡིག་མངོན་པ་དང་། ཁྲིམས་འཛིན་དོ་དམ་དང་སྤྱི་པའི་ཞབས་ཞུ་སོགས་རྣམ་པ་མང་པོར་སྤྱད་ཆོག་པས་དུས་ཐོག་ཏུ་འདྲི་རྩད་དང་དུས་ཐོག་ཏུ་སྟོན་པ། དུས་ཐོག་ཏུ་ཞིབ་དཔྱད་བཅས་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད།  ཁ་ལོ་བའི་གློག་རྡུལ་འཛིན་ཡིག་ལ་གྲངས་ཀའི་མིང་རྟགས་བཀོད་ནས་རྫུས་བཟོ་འགོག་པའི་ལག་རྩལ་སྤྱད་དེ་ངོ་མ་ཡིན་པ་དང་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པ་ཡིན།

ལི་གོ་ཀྲུང་གིས་བཤད་རྒྱུར། སྤྱི་བདེ་པུའུ་ཡིས་དུས་འགོའི་ཚོད་ལྟའི་རྨང་གཞིའི་ཐོག་ཆ་འཕྲིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལེ་ལག་ཚང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཁ་ལོ་བའི་གློག་རྡུལ་འཛིན་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ། ད་ལོའི་ལོ་མཇུག་དུ་ཡང་ས་གནས་སྐོར་ཞིག་བདམས་ནས་ཚོད་ལྟ་རྒྱ་ཆེར་གཏོང་བ་དང་། 2022ལོར་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་ནས་མང་ཚོགས་དང་ཁེ་ལས་སྔར་ལས་མང་པོར་སྟབས་བདེ་དང་དངོས་ཕན་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།