ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་ཇི་ལྟར་ལག་བསྟར་བྱེད་དགོས།

——འབྲེལ་ཡོད་མི་སྣས་སྤྱི་ཚོགས་ཐུགས་ཀྱི་ཁུར་ལ་ལན་བཏབ་པ།

ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་ཁྲིམས་ལྟར་ལག་བསྟར་བྱེད་རྒྱུ།

—ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་དུས་ནམ་ཞིག་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ནམ།

རྒྱུས་ལོན་པ་ལྟར་ན།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་གཞི་བཏོན་ནས།མི་འབོར་དང་འཆར་གཞི་བཙའ་སྐྱེའི་བཅའ་ཁྲིམས་ཁྲོད་བཟའ་ཟླ་ཟུང་གིས་བུ་ཕྲུག་གསུམ་བཙའ་ཆོག་པ་གཏན་ཁེལ་བྱེད་དགོས་པའི་རེ་བ་བཏོན།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་རྗེས་མི་འབོར་དང་འཆར་གཞི་བཙའ་སྐྱེའི་བཅའ་ཁྲིམས་བཟོ་བཅོས་བྱས་ཏེ།ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་བཀོད་སྒྲིག་བྱེད་རྒྱུ་ཐག་བཅད།ཞིང་ཆེན་སོ་སོས(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཀྱང་མི་འབོར་དང་འཆར་གཞི་བཙའ་སྐྱེའི་སྲོལ་ཡིག་བཟོ་བཅོས་བྱས་ཏེ།ས་གནས་ཀྱི་དོན་དངོས་དང་སྦྲེལ་ཏེ་བཅའ་ཁྲིམས་སྲིད་ཇུས་ཀྱི་འབྲེལ་མཐུད་ལེགས་པོར་བསྒྲུབ་པ་དང་ཁྲིམས་ལྟར་རྩ་འཛུགས་དང་ལག་བསྟར་བྱེད་རྒྱུ།

ཟླ5པའི་ཚེས21ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་རྗེས་དང་།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་རྗེས་བཟོས་པའི་མི་འབོར་དང་འཆར་གཞི་བཙའ་སྐྱེའི་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ཐག་གཅོད་ལག་བསྟར་མ་བྱས་པའི་སྔོན་ལ་ཕྲུ་གུ་གསུམ་པ་བཙས་ན།བཟོ་བཅོས་བརྒྱབ་རྗེས་ཀྱི་བཅའ་ཁྲིམས་ལྟར་ངོས་འཛིན་རྒྱུ།

—ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་ལག་བསྟར་བྱེད་པ་ལས་ཁྱོན་ཡོངས་ནས་གློད་གྲོལ་མི་གཏོང་བའི་རྒྱུ་མཚན་ཅི་ཡིན།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡུས་ཞུའེ་ཅུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་དང་དེའི་ཆ་སྡེབ་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱེད་པ་ནི། ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཚུལ་ལ་རྐང་བཙུགས་པ་དང་།དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་ཡུན་རིང་འཕེལ་རྒྱས་ལ་དམིགས་པ།དམིགས་འབེན་མང་པོར་གཅིག་འདོམས་བྱས་ཏེ་བཏོན་པའི་ཇུས་ཆོད་ཆེན་པོ་ཞིག་ཡིན་ལ།ཁྱོན་ཡོངས་ནས་ཕྲུ་གུ་གཉིས་བཙའ་ཆོག་པའི་སྲིད་ཇུས་དང་ཡོངས་སུ་སྦྲེལ་ཏེ།བཙའ་སྐྱེའི་སྲིད་ཇུས་ཡང་བསྐྱར་འཐུས་ཚང་དང་ལེགས་སྒྱུར་བྱེད་པ་ཞིག་ཀྱང་རེད།

ཁོས་བཤད་རྒྱུར།སྤྱིའི་མི་འབོར་དུང་ཕྱུར14ལས་བརྒལ་བ་དང་།མི་འབོར་གྱི་གནས་བབ་རྙོག་འཛིང་སྣ་མང་ཡིན་པའི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཅིག་ལ་མཚོན་ན།བཙའ་སྐྱེའི་སྲིད་ཇུས་ལེགས་སྒྱུར་བྱས་ཏེ།མི་འབོར་ཡུན་རིང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་།མི་འབོར་གྱི་གྲངས་འབོར་དང་སྤུས་ཚད། གྲུབ་ཚུལ། ཁྱབ་ཚུལ།དེ་མིན་ད་རུང་འབྲེལ་ཡོད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་སྲིད་ཇུས་སྣ་མང་གི་དམིགས་འབེན་གཅིག་གྱུར་འཆར་འགོད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ།

བཙའ་སྐྱེ་དང་སྙོར་སྐྱོང་དང་སློབ་གསོ་བཅས་ཀྱི་མ་རྩ་ཇེ་དམའ་རུ་གཏོང་རྒྱུ།

—ཁྱིམ་ཚང་གིས་བུ་ཕྲུག་སྙོར་སྐྱོང་བྱེད་པའི་ཁུར་བོ་ཇེ་ཡང་དུ་གཏོང་བར་ཁ་གཏད་དེ།རྗེས་མར་ཆ་སྡེབ་རྒྱབ་སྐྱོར་སྲིད་ཇུས་གང་དག་འདོན་རྒྱུ་ཡིན་ནམ།

རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སྤྱི་ཚོགས་འཕེལ་རྒྱས་སི་ཡི་སི་ཀྲང་ཨོ་ཞའོ་ལི་ཡིས་བསྟན་དོན།སྙོར་སྐྱོང་མ་རྩ་མྱུར་དུ་འཕར་བ་དེ་ནི་དེང་སྐབས་མི་འབོར་བཙའ་སྐྱེའི་ཐད་འཕྲད་པའི་འགལ་ཟླ་གཙོ་བོ་ཡིན་ལ།དཔལ་འབྱོར་གྱི་ཁུར་བོ་དང་བུ་ཕྲུག་ལ་སྙོར་སྐྱོང་བྱེད་པ།བུད་མེད་ཀྱི་ལས་རིགས་འཕེལ་རྒྱས་ཐད་ཀྱི་སེམས་ཁྲལ་སོགས་ནི་བཙའ་སྐྱེ་ལ་ཚོད་འཛིན་ཐེབས་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད།རྗེས་མར་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྲིད་ཇུས་ལག་བསྟར་བྱེད་ཐབས་བཏོན་ནས།བཙའ་སྐྱེ་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་འདོན་པ་དང་དངོས་འབེབས་ཡོང་བར་ཁག་ཐེག་བྱེད་རྒྱུ་དང་།“རྒན་པ་དང་བྱིས་པ”གཙོ་རུ་བཟུང་ནས།རྒན་པར་བརྩེ་བ་བཅངས་ཤིང་བྱིས་པར་ཐུགས་ཁུར་གནང་བ།ན་གཞོན་རྣམས་ཀྱིས་ལས་སྒྲུབ་ལས་སྐྲུན།དམངས་འཚོར་ཕན་འདོགས་པ།སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་ལྡན་པའི་དཔེ་སྟོན་གྲོང་ཁྱེར་སྐོར་ཞིག་སྐྲུན་པ་བཅས་བྱས་ཏེ། མི་འབོར་ཡུན་རིང་དོ་མཉམ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་།མི་འབོར་དང་དཔལ་འབྱོར་སྤྱི་ཚོགས།ཐོན་ཁུངས་ཁོར་ཡུག་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་རྒྱུ།

—ཆོད་དོན་གྱི་བླང་བྱ་དངོས་འབེབས་བྱས་ཏེ།བྱིས་པའི་སློབ་གྲྭ་གྲོལ་བའི་དུས་ཚོད་དང་ཕ་མའི་ལས་ཚོགས་གྲོལ་བའི་དུས་ཚོད་གཉིས་འབྲེལ་མཐུད་ཡོང་བར་ཇི་ལྟར་སྐུལ་འདེད་གཏོང་རྒྱུ།

སློབ་གསོ་པུའུ་རྨང་གཞི་སློབ་གསོ་སི་ཡི་སི་ཀྲང་ལུའི་ཡུས་ཀང་གིས་མཚམས་སྦྱོར་བྱས་པ་ལྟར་ན།སློབ་གསོ་པུའུ་ཡིས“སློབ་གྲྭ་གཅིག་ལ་བྱེད་ཐབས་གཅིག”གི་སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་བྱེ་བྲག་གི་ལག་བསྟར་བྱེད་ཐབས་གཏན་འབེབས་བྱས་ཏེ།ད་ལོའི་སྟོན་ཁའི་སློབ་མགོ་བརྩམ་རྗེས་འོས་འགན་སློབ་གསོའི་སློབ་གྲྭ་ཡོངས་སུ་ཁེབས་པར་མ་ཟད།དགོས་མཁོ་ཆེ་བའི་སློབ་མ་ཡོངས་ལ་ཁེབས་པར་འབད་པ་བྱེད་རྒྱུ།སློབ་ཁྲིད་རྗེས་ཀྱི“5+2”ཀྱི་རྣམ་པ་ཁྱབ་གདལ་དུ་གཏོང་བ་སྟེ།སློབ་གྲྭས་གཟའ་འཁོར་རེའི་ཉིན་ལྔ་ལ་སློབ་ཁྲིད་རྗེས་ཀྱི་ཞབས་ཞུ་སྤེལ་བ་དང་།ཉིན་རེར་ཆེས་ཉུང་ནའང་དུས་ཚོད2རེར་སྤེལ་རྒྱུ།དམིགས་བསལ་གྱི་དགོས་མཁོ་ཡོད་ན།སློབ་གྲྭས་དུས་ཡུན་ཕྱིར་འགྱངས་བྱེད་པའི་བདག་སྐྱོང་ཞབས་ཞུ་སྤེལ་བར་སྐུལ་མ་གཏོང་རྒྱུ།སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་འགུག་ཤུགས་དང་ནུས་ལྡན་རང་བཞིན་དངོས་གནས་ཇེ་དྲག་ཏུ་གཏོང་བ་དང་།ས་གནས་སོ་སོས་སྲིད་ཇུས་ཀྱི་གཏན་ཁེལ་ལྟར།སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་འགྲོ་སོང་འགན་སྲུང་བྱེད་ཐབས་འཐུས་ཚང་དུ་བཏང་ནས།སློབ་ཁྲིད་རྗེས་ཀྱི་ཞབས་ཞུ་ལ་ཞུགས་པའི་དགེ་རྒན་དང་འབྲེལ་ཡོད་མི་སྣར་དེ་བསྟུན་གྱི་ཁ་གསབ་སྟེར་རྒྱུ།

ལེགས་བཙའ་ལེགས་སྐྱོང་གི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

—ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་རྗེས། སྔོན་དཔག་བྱས་ན་ལོ་ན་མཐོ་བ་དང་བཙའ་ཐེངས་མང་བའི་སྦྲུམ་མ་ཇེ་མང་དུ་འགྲོ་སྲིད་པས།མ་བུའི་བདེ་འཇགས་ལ་ཇི་ལྟར་འགན་སྲུང་བྱེད་དགོས་སམ།

རྒྱུས་ལོན་བྱས་པ་ལྟར་ན།རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མ་བུའི་བདེ་འཇགས་འགུལ་སྐྱོད་ཇེ་མཐོར་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཏེ།མ་བུའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་རྒྱུ་རེད།

བྱེ་བྲག་གི་བྱེད་ཐབས་ལ་འདི་དག་ཡོད་པ་སྟེ།སྦྲུམ་མར་མངལ་ཆགས་ཉེན་ཁའི་དཔྱད་དཔོག་གི་རིམ་པ་བགོས་ཏེ།ཉེན་ཁའི་རིམ་པ་ལྟར་ཁག་བགོས་དོ་དམ་བྱེད་པར་ཤུགས་སྣོན་རྒྱུ་དང་།ཉེན་ཁའི་རིམ་པ་མཐོ་བའི་སྦྲུམ་མར་ཆེད་བསྐོས་མི་སྣས་ཆེད་དུ་གོ་རིམ་ཡོངས་ལ་དོ་དམ་དང་འགུལ་རྣམ་ལྟ་སྐུལ་དོ་དམ།གཅིག་བསྡུས་སྐྱོབ་རོགས་བཅས་བྱེད་རྒྱུ།ས་ཁོངས་ཀྱི་ཉེན་ཁ་ཆེ་བའི་སྦྲུམ་མ་དང་སྐྱེས་མ་ཐག་པའི་ཕྲུ་གུའི་མྱུར་སྐྱོབ་ཆེད་མཁས་ཚན་ཆུང་འཛུགས་པ་དང་།བརྒྱུད་འདྲེན་དང་ཁྲག་སྤྱོད་སོགས་ཀྱི་གཙོ་གནད་ལྷུ་ཚིགས་ལ་ཤུགས་བསྣན་ཏེ།བརྒྱུད་བརྟག་སྐྱོབ་བཅོས་བཞི་ཡི་ལྗང་མདོག་བགྲོད་ལམ་ཇེ་ཡངས་སུ་གཏོང་རྒྱུ།སྤུས་ཚད་མཐོ་བ་དང་སྤྱི་ཕན་རང་བཞིན་ལྡན་པའི་བུ་བཙའ་ཚན་ཁག་གི་ནད་ཁྲི་དང་བྱིས་ནད་ཚན་ཁག་གི་ནད་ཁྲི་རིམ་སྤར་འཛུགས་སྐྲུན་བྱས་ཏེ།ཁོར་ཡུག་འཚང་ཁ་བརྒྱག་པ་དང་བར་སྟོང་ཆུང་བ།གསང་བར་སྲུང་སྐྱོབ་མི་ཐོབ་པ་སོགས་ཀྱི་གནད་དོན་རིམ་གྱིས་ལེགས་སྒྱུར་བྱེད་རྒྱུ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཕྲུ་གུ་སྐྱོན་ཅན་བཙའ་བའི་རིམ་གསུམ་སྔོན་འགོག་ལམ་ལུགས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་།《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཙའ་སྐྱེའི་སྲིད་ཇུས་ལེགས་སྒྱུར་བྱས་ཏེ་མི་འབོར་ཡུན་རིང་དོ་མཉམ་དང་འཕེལ་རྒྱས་ཡོང་བའི་སྐོར་གྱི་ཆོད་དོན》(གཤམ་དུ“ཆོད་དོན”ཞེས་བསྡུས་ཡོད)ཉེ་ཆར་ཁྱབ་བསྒྲགས་བྱས་ཏེ།ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་དང་དེའི་ཆ་སྡེབ་བྱེད་ཐབས་ཀྱི་ལག་བསྟར་བྱེད་ཐབས་བཏོན།

སྤྱི་དམངས་ཀྱིས་ཡོངས་ཁྱབ་སྒོས་ཐུགས་ཁུར་བྱེད་ཀྱིན་པའི་བཙའ་སྐྱེའི་ཆ་སྡེབ་རྒྱབ་སྐྱོར་བྱེད་ཐབས་ཀྱི་གནད་དོན་ལ་དམིགས་ནས།འབྲེལ་ཡོད་སྡེ་ཁག་གིས་ཉེ་ཆར་ཞིན་ཧྭ་གསར་འགྱུར་ཁང་གི“ཞིན་ཧྭའི་མཐོང་རྒྱ”ཡི་གསར་འགོད་པའི་ཆེད་དམིགས་བཅར་འདྲི་དང་ལེན་བྱས་པར་མ་ཟད།ཚེས21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་བསྡུས་པའི་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།

དེའི་ནང་དུ་གཙོ་བོ་ཤེས་བྱ་ཁྱབ་གདལ་དུ་གཏོང་ཚད་ཇེ་དྲག་དང་ཕྲུ་གུ་སྐྱོན་ཅན་བཙའ་བ་སྔོན་འགོག་ཚོད་འཛིན་ཐད་ཀྱི་བློ་འདྲི་གཉིས་འདུས།གཉེན་མ་སྒྲིག་སྔོན་གྱི་བདེ་སྲུང་དང་ཕྲུ་གུ་མ་བཙས་སྔོན་གྱི་འཚག་བཤེར་དང་ནད་ངོ་འཛིན་པར་ཤུགས་བསྣན་ཏེ།སྦྲུམ་དུས་དང་ཕྲུ་གུ་མ་བཙས་སྔོན་དང་བཙས་རྗེས་བཅས་སུ་གཅིག་འགྲིལ་ཅན་དང་རིག་ཚན་མང་བའི་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུ།སྐྱེས་མ་ཐག་པའི་ཕྲུ་གུའི་ནད་རིགས་འཚག་བཤེར་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་དེ།སྔ་མོ་ནས་འཚག་བཤེར་དང་སྔ་མོ་ནས་ནད་ངོ་འཛིན་པ་དང་སྔ་མོ་ནས་ནད་བཅོས་བཅས་བྱེད་རྒྱུ།

ཀུན་ཕན་བཅོལ་གསོ་ཞབས་ཞུའི་མ་ལག་འཕེལ་རྒྱས་གཏོང་རྒྱུ།

—རྗེས་མར་བཅོལ་གསོ་ཞབས་ཞུའི་འཕེལ་རྒྱས་ལ་ཇི་ལྟར་སྐུལ་འདེད་གཏོང་རྒྱུ་དང་།“སྐྱེ་བར་སྙོར་སྐྱོང་ཡོད་པ”ཇི་ལྟར་མངོན་འགྱུར་འབྱུང་དགོས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་མི་འབོར་ལྟ་ཞིབ་ཚད་ལེན་དང་ཁྱིམ་ཚང་འཕེལ་རྒྱས་སི་ཡི་སི་ཀྲང་དབྱང་ཝུན་ཀྲོང་གིས་མཚམས་སྦྱོར་བྱས་པ་ལྟར་ན།རང་རྒྱལ་དུ་ལོ0ནས3བར་གྱི་ཕྲུ་གུ་ཁྲི4200ཡས་མས་ཡོད་ལ།བརྟག་དཔྱད་བྱས་པ་ལྟར་ན།དེའི་ནང་གི1/3ལ་བཅོལ་གསོ་ཞབས་ཞུའི་དགོས་མཁོ་དྲག་པོ་ལྡན་པ་དང་།དོན་དངོས་ཀྱི་མཁོ་སྤྲོད་ནི5.5%ཡས་མས་ལས་མེད་པས།མཁོ་འདོན་གྱི་དགོས་མཁོ་ཧ་ཅང་ཆེ་བ་རེད།

ཁོས་བཤད་རྒྱུར།རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ཁང་དང་སྡེ་ཁག་མང་པོ་མཉམ་འབྲེལ་དམ་པོ་བྱས་ཏེ།བཅོལ་གསོ་ལས་ཁུངས་ཀྱི་སྒྲིག་བཀོད་ཚད་གཞི་དང་དོ་དམ་ཚད་ལྡན།གསོ་སྐྱོང་རྩ་གནད།ཨར་ལས་ཚད་གཞི་སོགས་ཕྱོགས་ཀྱི་བྱ་བ་མང་པོ་བཏོན་པ་དང་།འབྲེལ་ཡོད་སྡེ་ཁག་གིས་འཇོན་མི་སྐྱེད་སྲིང་དང་ཀུན་ཕན་དངུལ་རྩ།ཉེན་སྲུང་གི་ཕྱོགས་བཅས་སུ་དགེ་མཚན་ལྡན་པའི་བྱེད་ཐབས་མང་པོ་བཏོན་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན།མ་འོངས་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས“ལྔ་བཅུ་བཞི”བཅོལ་གསོ་ཞབས་ཞུའི་འཕེལ་རྒྱས་ཀྱི་ཆེད་དམིགས་འཆར་འགོད་ཞིབ་མཇུག་སྒོས་བཟོ་རྒྱུ་ཡིན་པར་མ་ཟད་དུས་བཅད་ལྟར་རྗེས་འདེད་དཔྱད་དཔོག་བྱེད་རྒྱུ་དང་།“ལྔ་བཅུ་བཞི”ཀུན་ཕན་བཅོལ་གསོ་ཞབས་ཞུའི་ཤོང་ཚད་རྒྱ་བསྐྱེད་པ་དང་།བཅོལ་གསོ་འཛུགས་སྐྲུན་ཆེད་དམིགས་བཟོ་འགོད་ལག་བསྟར་བྱས་ཏེ།ཀྲུང་དབྱང་གི་སྔོན་དཔག་ནང་གི་མ་དངུལ་གཏོང་ཚད་རྒྱ་བསྐྱེད་པ་དང་།ཕྱོགས་བསྡུས་བཅོལ་གསོ་ཞབས་ཞུའི་ལས་ཁུངས་དང་སྡེ་ཁུལ་གྱི་བཅོལ་གསོ་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ།བྱེད་ཐབས་སྤྱད་དེ་ཆ་རྐྱེན་ལྡན་པའི་མི་བཀོལ་སྡེ་ཁག་གིས་བྱ་བའི་ལས་ཡུལ་དུ་ལས་བཟོ་པར་ཕན་བདེའི་རང་བཞིན་གྱི་བཅོལ་གསོ་ཞབས་ཞུ་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་།ཁྱིམ་ཚང་གི་བཅོལ་གསོ་ཞབས་ཞུ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་སོགས་བྱེད་རྒྱུ།

—ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་དངོས་འབེབས་བྱས་པ་དང་བསྟུན་ནས། ལོ་ཚོད་རན་པའི་བྱིས་པ་ཇེ་མང་ཡིན་པས་བྱིས་སྙོར་ཁང་དུ་ཞུགས་པའི་དགོས་མཁོ་ཅི་ལྟར་བསྐང་རྒྱུ་དང་།“བྱིས་སྙོར་ཁང་དུ་ཞུགས་དཀའ་བ”དང“བྱིས་སྙོར་ཁང་གི་འགྲོ་གྲོན་མཐོ་བ”ཡི་གནད་དོན་ཇི་ལྟར་ཞི་ལྷོད་དུ་གཏོང་རྒྱུ།

སློབ་སྔོན་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་ཡོང་བའི་ཆུ་ཚད་ཇེ་མཐོར་བཏང་སྟེ།“སྐྱེ་བར་གསོ་སྐྱོང་ལེགས་པོ་བྱེད་རྒྱུ”ནི་རྒྱལ་ཁབ་ཀྱི་མི་འབོར་འཕེལ་རྒྱས་ཞབས་ཞུ་སྒྲུབ་པའི་འཐབ་ཇུས་དང་།ཕྲུ་གུ་གསུམ་པ་བཙའ་ཆོག་པའི་སྲིད་ཇུས་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།སློབ་གསོ་པུའུ་རྨང་གཞི་སློབ་གསོ་སི་ཡི་སི་ཀྲང་གིས་བཤད་རྒྱུར།2025ལོར་སླེབས་རྗེས།རྒྱལ་ཡོངས་ཀྱི་བྱིས་པ་ཡོངས་རྫོགས་སློབ་ཞུགས་སྔོན་གྱི་ལོ་གསུམ་ནང་བྱིས་སྙོར་ཁང་དུ་ཞུགས་པའི་ཚད90%ཡན་ལ་སླེབས་པར་བྱས་ཏེ།ཀུན་ཕན་རང་བཞིན་གྱི་བྱིས་སྙོར་ཁང་གི་ཁེབས་ཚད་སྔར་ལས་མཐོ་རུ་གཏོང་རྒྱུ།ཉེ་བའི་ལོ་གཉིས་རིང་ལ་སྡེ་ཁུལ་གྱི་ཆ་སྡེབ་བྱིས་སྙོར་ཁང་བཅོས་སྐྱོང་བྱས་པ་བརྒྱུད་དེ་སློབ་གནས་ཁྲི416ཇེ་མང་དུ་བཏང་ཞིང་།རྗེས་མར་བྱ་བ་འདི་མུ་མཐུད་དུ་འཐུང་ཚང་དུ་གཏོང་རྒྱུ་དང་། དུས་མཚུངས་སུ་དམངས་སྒྲུབ་བྱིས་སྙོར་ཁང་གིས་ཀུན་ཕན་རང་བཞིན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་ལེགས་པོ་བྱས་ཏེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་སྔོན་སློབ་གསོའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ།དེ་ལས་གཞན་ད་རུང་སྲིད་གཞུང་གིས་དངུལ་གཏོང་གཙོ་བོ་དང་ཁྱིམ་ཚང་གིས་འགན་ཆ་ཤས་ལུགས་མཐུན་གྱིས་ལེན་པ།ཐབས་ལམ་གཞན་པ་མང་པོ་སྤྱད་དེ་འགྲོ་གྲོན་བསྡུ་བ་སོགས་ཀྱི་འགན་སྲུང་ནང་རྐྱེན་དངོས་འབེབས་བྱས་ཏེ།ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ཁག་ཡོད་པའི་བྱིས་པ་བྱིས་སྙོར་ཁང་དུ་ཞུགས་པར་རོགས་དངུལ་སྟེར་བའི་ཚད་ཆེ་རུ་གཏོང་བ་དང་།བྱིས་སྙོར་ཁང་གི་ཚན་རིག་དང་མཐུན་པའི་སློབ་གསོའི་སྤུས་ཚད་ལ་ཁག་ཐེག་དཔྱད་དཔོག་བྱེད་པའི་ལམ་ལུགས་བཙུགས་ནས།སློབ་ཆུང་དང་བྱིས་སྙོར་ཁང་ཚན་རིག་དང་མཐུན་པའི་སྒོ་ནས་ནུས་ལྡན་ངང་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་རྒྱུ།

སྲིད་ཇུས་ལེགས་སྒྲིག་དང་རིམ་ལྡན་འབྲེལ་མཐུད་ཡོང་བར་ཤུགས་སྣོན་པ།

—རྒྱལ་ཁབ་ཀྱིས་སྤྱི་ཚོགས་སྙོར་སྐྱོང་གྲོན་དངུལ་མེད་པར་མ་བཟོས་པའི་སྔོན་ལ་སྒྲིག་འགལ་སྒོས་ཕྲུ་གུ་གསུམ་པ་བཙས་ན།སྤྱི་ཚོགས་སྙོར་སྐྱོང་གྲོན་དངུལ་བསྡུ་བའམ།རྗེས་ཕྱོགས་ཕྲུ་གུ་བཞིའི་ཡན་བཙས་ན་ཆད་པ་གཅོད་དམ།

ཆོད་དོན་སྟེང་བསྟན་དོན།སྤྱི་ཚོགས་སྙོར་སྐྱོང་གྲོན་དངུལ་སོགས་ཀྱི་ཚོད་འཛོན་བྱེད་ཐབས་མེད་པར་བཟོ་བ་དང་།འབྲེལ་ཡོད་ཆད་གཅོད་གཏན་འཁེལ་གཙང་བཤེར་དང་ནུས་མེད་དུ་བཏང་ནས།ཁྱིམ་ཐོ་སྟེང་འགོད་པ་དང་སློབ་གྲྭར་ཞུགས་པ།ལས་ཀར་ཞུགས་པ་སོགས་ནི་མི་སྒེར་གྱི་བཙའ་སྐྱེའི་གནས་ཚུལ་དང་ཁྱོན་ཡོངས་ནས་འབྲེལ་ཐག་གཅོད་རྒྱུ།

“མི་གྲངས་མགྱོགས་མྱུར་ངང་འཕར་བར་ཚོད་འཛིན་བྱེད་པ་དང་།ཉུང་བཙའ་བྱེད་ཚད་བརྟན་བརླིང་དུ་གཏོང་བ་སོགས་སྔོན་ཆད་ཀྱི་དམིགས་འབེན་དང་བསྡུར་ན།ད་ལྟའི་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་འཐབ་ཇུས་དམིགས་འབེན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས།སྤྱི་ཚོགས་སྙོང་སྐྱོང་གྲོན་དངུལ་བསྡུ་བའི་ལམ་ལུགས་དེ་ནི་དུས་བབ་དང་མི་མཐུན་པ་ཞིག་རེད།”ཅེས་དབྱང་ཝུན་ཀྲོང་གིས་དེ་ལྟར་མཚམས་སྦྱོར་བྱས།

ཁོས་བཤད་རྒྱུར། སྒྲིག་འགལ་སྒོས་ཕྲུ་གུ་གསུམ་པ་བཙས་ཟིན་པ་ལ།རྒྱལ་ཁབ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་དང་འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱས་པ་ལྟར།ཁྲིམས་ལྟར་གྲོན་དངུལ་བསྡུས་ཟིན་པར་མ་ཟད་ལག་བསྟར་བྱས་ཟིན་པ་ཡིན་ན་སྲུང་འཛིན་བྱེད་རྒྱུ་དང་། གྲོན་དངུལ་བསྡུ་རྒྱུ་ཐག་གཅོད་བྱས་ཟིན་ནའང་ལག་བསྟར་བྱས་མེད་ན།བསྡུས་ཟིན་པའི་ཆ་ཤས་དེ་ཕྱིར་སློག་མི་བྱེད་པ་དང་མ་བསྡུས་པའི་གྲོན་དངུལ་དེ་མུ་མཐུད་དུ་མི་བསྡུ་བ་བྱས་ཡོད་ལ།བརྟག་དཔྱད་མ་བྱས་པའམ་ཡང་ན་དངུལ་བསྡུ་ཐག་གཅོད་བྱས་མེད་ན།བདག་སྤྲོད་དང་ཐག་གཅོད་མི་བྱེད་པ་བྱས་ཡོད།

“ཕྲུ་གུ་བཞི་དང་དེའི་ཡན་བཙས་པ་ལ།རྒྱལ་ཁབ་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ངོས་ཐད་དུ།འབྲེལ་ཡོད་ཚོད་འཛིན་དང་ཆད་པ་གཅོད་ཐབས་སོགས་ཀྱི་གཏན་ཁེལ་གང་ཡང་བྱས་མེད”དབྱང་ཝུན་ཀྲོང་གིས་དེ་ལྟར་བཤད་པ་དང་།དུས་ཡུན་རིང་པོར་མི་འབོར་ལྟ་ཞིབ་ཚད་ལེན་དང་འབྲེལ་ཡོད་ཞིབ་མཇུག་ཚོད་རྩིས་བྱས་པ་ལྟར་ན།རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་རུ་ཕྲུ་གུ་བཞི་དང་དེའི་ཡན་བཙའ་བའི་གནས་ཚུལ་ཧ་ཅང་ཉུང་ཞིང་། ཡོད་པ་རྣམས་ཀྱང་ཐར་ཐོར་དུ་གནས་ལ།ས་ཆ་ཉུང་ཤས་སུ་ད་གཟོད་བལྟོས་བཅས་ཀྱིས་མཉམ་དུ་འདུས་ཡོད།

དབྱང་ཝུན་ཀྲོང་གིས་བཤད་རྒྱུར།རྒྱལ་ཁབ་ཀྱིས་ཁྱིམ་ཚང་རང་སྟེང་གི་དོན་དངོས་གནས་ཚུལ་ནས་མགོ་བརྩམས་པ་དང་།བུད་མེད་ཀྱི་བདེ་ཐང་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱེད་པ་ནས་མགོ་བརྩམས་ཏེ།ཕྲུ་གུ་བཙའ་བའི་གྲངས་འབོར་དང་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ་དང་།ན་ཚོད་ལོན་རྗེས་གཉེན་སྒྲིག་པ་དང་ཕྲུ་གུ་བཙའ་བ།ལེགས་བཙའ་ལེགས་སྐྱོང་བཅས་བྱེད་དགོས་པ་དང་།མི་གྲངས་འཕར་བ་དང་དཔལ་འབྱོར།སྤྱི་ཚོགས།ཐོན་ཁུངས།ཁོར་ཡུག་བཅས་བར་གྱི་འགལ་ཟླ་ཅུང་འབུར་ཐོན་ཡིན་པའི་ས་གནས་སུ་དྲིལ་སྒྲོག་དར་སྤེལ་གཏོང་བར་ཤུགས་སྣོན་པ་དང་། འབྲེལ་ཡོད་དམངས་ཕན་སྲིད་ཇུས་དང་བཙའ་སྐྱེའི་སྲིད་ཇུས་ནུས་ལྡན་སྒོས་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་ནས།དོ་དམ་ཞབས་ཞུ་སྣ་ཚོགས་ལེགས་པོར་བསྒྲུབ་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད།

—འཆར་གཞི་བཙའ་སྐྱེའི་དམིགས་བསལ་ཁྱིམ་ཚང་ལ་རོགས་སྐྱོར་འགན་སྲུང་བྱེད་ཚད་ཇི་ལྟར་ཇེ་ཆེར་གཏོང་རྒྱུ།

ཆོད་དོན་སྟེང་བསྟན་དོན། འཆར་གཞི་བཙའ་སྐྱེའི་དམིགས་བསལ་ཁྱིམ་ཚང་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱེད་པའི་འགན་སྲུང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ།སྲིད་གཞུང་གིས་གཙོ་འགན་འཁུར་བ་དང་སྤྱི་ཚོགས་རྩ་འཛུགས་ནང་དུ་ཞུགས་པའི་རོགས་སྐྱོར་ཐུགས་ཁུར་གྱི་བྱ་བའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ།སྤྱིར་གསལ་སྒོས་འོས་སྐུལ་འོས་དཔྱོད་བྱེད་པའི་རྣམ་པ་ཡིས།ནུས་པ་ཡོད་པའི་སྤྱི་ཚོགས་རྩ་འཛུགས་ཀྱིས་འཆར་གཞི་བཙའ་སྐྱེའི་དམིགས་བསལ་ཁྱིམ་ཚང་གི་མངག་བཅོལ་དང་དུ་བླངས་ནས།འཚོ་བར་བདག་སྐྱོང་དང་སེམས་ཁམས་གསོ་བ་སོགས་ཀྱི་ཞབས་ཞུ་སྤེལ་བ་དང་།ཁྲིམས་ལྟར་རྒན་གསོ་ལས་ཁུངས་སུ་སྡོད་པའི་འགྲོ་རིམ་བསྒྲུབ་རོགས་དང་སྨན་པར་བསྟེན་རོགས་བྱེད་པ་སོགས་ཀྱི་དོན་དག་བསྒྲུབས་ཏེ།“དྲོད་སྣང་སྦྱིན་པའི་འགུལ་སྐྱོད”གཏིང་ཟབ་ཏུ་སྤེལ་རྒྱུ།

དབྱང་ཝུན་ཀྲོང་གིས་བཤད་རྒྱུར།“མདོར་བསྡུས་ན། ནུས་ཤུགས་ཡོད་རྒུ་འབུལ་དགོས་པར་མ་ཟད་ནུས་པས་ལྕོགས་ཚོད་བྱས་ཏེ།ཆོད་དོན་སྟེང་བཏོན་པའི་བླང་བྱ་སྣ་ཚོགས་དངོས་འབེབས་ཡང་དག་བྱེད་དགོས་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས།དམིགས་བསལ་ཁྱིམ་ཚང་ལ་རོགས་སྐྱོར་འགན་སྲུང་བྱེད་པའི་ཆུ་ཚད་བསྟུར་མར་ཇེ་མཐོར་གཏོང་རྒྱུ”དེའོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།