ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས་མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ7པའི་ཚེས30ཉིན་གྲོས་ཚོགས་བསྡུས་ཏེ། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ཀྱིས་བལྟས་ན། ད་ལོའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཁོག་གཉིས་ལ་གཅིག་གྱུར་འཆར་འགོད་དང་། རིམས་ནད་སྔོན་འགོག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། སྤྱི་ཁོག་གི་སྲིད་ཇུས་ནུས་ལྡན་སྒོས་ལག་བསྟར་བྱས་པ་དང་། དཔལ་འབྱོར་རྒྱུན་མཐུད་དང་བརྟན་བརླིང་ངང་སླར་གསོ་བྱུང་བ་དང་།བརྟན་བརླིང་ཁྲོད་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། ཚན་རྩལ་རང་ཚུགས་རང་སྟོབས་ཡོང་བར་ཧུར་ཐག་གིས་སྐུལ་སྤེལ་བྱས་པ་དང་། བཅོས་བསྒྱུར་སྒོ་འབྱེད་ཚད་ཇེ་ཆེ་དང་དམངས་འཚོ་ལ་ནུས་ལྡན་གྱི་འགན་སྲུང་ཐོབ་ཡོད་ཅིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་བླངས་པ་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བ་སྲུང་འཛིན་བཅས་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་རིམ་བསྟར་བྱ་འགུལ་ཡོངས་རྫོགས་ལེགས་འགྲུབ་ཀྱིས་སྤེལ་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དངོས་སུ་ཁྱབ་སྒྲོག་བྱས་ཤིང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ལ་དཔུང་སྐྱོད་བྱེད་པའི་བགྲོད་ལམ་གསར་པ་བཏོད་པར་འདོད།

གྲོས་ཚོགས་ཀྱིས་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་སུ་རིམས་ནད་སྔར་བཞིན་རྒྱུན་མཐུད་ཀྱིས་མཆེད་ཀྱིན་ཡོད་ལ། ཕྱིའི་ཁོར་ཡུག་སྔར་ལས་རྙོག་འཛིང་དང་ཛ་དྲག་ཆེ་ཞིང་། རྒྱལ་ནང་གི་དཔལ་འབྱོར་སླར་གསོ་སྔར་བཞིན་བརྟན་བརླིང་མིན་ལ་ཆ་སྙོམས་མིན་པས། ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབས་ནས། བརྟན་བརླིང་ཁྲོད་འཕེལ་རྒྱས་ཡོང་བའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆ་ཚང་དང་ཡང་དག ཁྱོན་ཡོངས་ནས་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་གསར་པའི་གནས་བབ་མྱུར་དུ་བསྐྲུན་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཁོག་གི་སྲིད་ཇུས་འཁོར་ཡུན་བརྒལ་བའི་སྙོམ་སྒྲིག་ལེགས་པོར་བྱེད་དགོས་པ་དང་། སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན།བསྟུད་མར་འཕེལ་འཐུས་པའི་རང་བཞིན་བཅས་སྲུང་འཛིན་བྱས་ཏེ། ད་ལོ་དང་སང་ལོའི་སྤྱི་ཁོག་སྲིད་ཇུས་ཀྱི་སྦྲེལ་མཐུད་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པོར་སྒྲུབ་པ་དང་། དཔལ་འབྱོར་འཁོར་སྐྱོད་དེ་ཚད་མཐུན་གྱི་བར་དུ་སྲུང་འཛིན་བྱེད་དགོས། ནོར་སྲིད་སྲིད་ཇུས་ཀྱིས་སྲིད་ཇུས་ནུས་པ་ཧུར་ཐག་གིས་མཐོར་འདེགས་བཏང་སྟེ། གཞི་རིམ་གྱི“འགན་སྲུང་གསུམ”གྱི་མཐའ་ཐིག་བརྟན་པོར་སྲུང་བ་དང་། སྔོན་རྩིས་ཁྲོད་མ་དངུལ་འཇོག་པ་དང་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམ་སྤེལ་གྱི་འཕེལ་ཚད་ལུགས་མཐུན་གྱིས་ཚོད་འཛིན་བྱས་ཏེ། ད་ལོའི་ལོ་སྨད་དང་སང་ལོའི་ལོ་སྟོད་བར་དུ་བྱ་བའི་ཚད་དངོས་སུ་ཆགས་སུ་འཇུག་དགོས། གཟབ་ནན་གྱི་དངུལ་ལོར་སྲིད་ཇུས་ཀྱིས་འཁོར་སྐྱོད་རང་བཞིན་གྱི་ལུགས་མཐུན་འདང་ངེས་སྲུང་འཛིན་བྱེད་པ་དང་། ཁེ་ལས་ཆུང་འབྲིང་དང་དཀའ་ཁག་ཅན་གྱི་ལས་རིགས་བསྟུད་མར་སླར་གསོ་ཡོང་བར་རོགས་འདེགས་བྱེད་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་རང་བདག་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། མི་དམངས་དངུལ་སྒོར་གྱི་དངུལ་བརྗེའི་འཛའ་ཐང་ལུགས་མཐུན་དོ་མཉམ་ཡོང་བའི་ཆུ་ཚད་སྟེང་ཧ་ལམ་བརྟན་བརླིང་ཡོང་བ་སྲུང་འཛིན་བྱེད་དགོས། ཐོན་འབོར་ཆེ་བའི་ཚོང་ཟོག་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་བྱ་བ་ལེགས་པོར་བསྒྲུབ་དགོས།

གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། རྒྱལ་ནང་གི་ཚོང་རའི་སྦས་ཤུགས་སྔོག་འདོན་བྱས་ཏེ། ནུས་ཁུངས་གསར་པའི་རླངས་འཁོར་མགྱོགས་མྱུར་གྱིས་འཕེལ་རྒྱས་འབྱུང་བར་རྒྱབ་སྐྱོར་དང་། རྫོང་དང་ཞང་། སྡེ་བ་བཅས་ཀྱི་གློག་རྡུལ་ཚོང་དོན་མ་ལག་དང་མྱུར་སྐྱེལ་ཟོག་སྐྱེལ་མ་ལག་མགྱོགས་མྱུར་གྱིས་ཁྱབ་ཏུ་བཅུག་སྟེ། “ལྔ་བཅུ་བཞི”འཆར་འགོད་ཀྱི་བཟོ་འགོད་ལས་གཞི་ཆེན་མོའི་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་པ་དང་། ཁེ་ལས་ཆེ་རུ་གཏོང་བ་དང་ལག་རྩལ་བསྒྱུར་བཀོད་ལ་མ་དངུལ་གཏོང་བར་སྣེ་ཁྲིད་དགོས། ཚན་རྩལ་གསར་སྐྲུན་དང་ཐོན་ལས་སྦྲེལ་རྡང་། མཁོ་འདོན་སྦྲེལ་རྡང་བཅས་ལ་ཤུགས་བརྒྱབ་སྟེ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང་ཉེར་སྤྱོད་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ་དང་། ཁ་གསབ་སྦྲེལ་རྡང་དང་ཤུགས་སྣོན་སྦྲེལ་རྡང་གི་ཆེད་དམིགས་འགུལ་སྐྱོད་སྤེལ་ནས། “སྐེ་དགག་པ”ཡི་དཀའ་གནད་མྱུར་དུ་ཐག་བཅད་དེ། ཆེད་ལས་ཅན་དང་ཞིབ་ཕྲ་ཅན། ཁྱད་ཆོས་ཅན། གསར་པ་ཅན་གྱི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་གཏོང་དགོས། བཅོས་བསྒྱུར་འགག་སྒྲོལ་གྱི་ཤུགས་ཚད་ཆེ་རུ་བཏང་སྟེ། ཚོང་རའི་གཙོ་གཞིའི་གསོན་ཤུགས་ལ་སྔར་ལས་སྐུལ་སྤེལ་བྱེད་དགོས། སྤུས་ཚད་མཐོ་བའི་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་དུ་བསྐྲུན་པར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་སྤེལ་བྱེད་དགོས། གཅིག་གྱུར་འཆར་འགོད་ཀྱིས་ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན་གྱི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་ལེགས་པོར་སྒྲུབ་པ་དང་། 2030ལོའི་སྔོན་བར་ཐཱན་རྩེ་གནོན་གྱི་འགུལ་སྐྱོད་ཇུས་གཞི་མྱུར་དུ་བཏོན་ནས། རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ཏུ་ཡོད་པ་རྒྱུན་འཁྱོངས་དང་། འགུལ་སྐྱོད་རྣམ་པའི“ཐཱན་འཕྲི”ལ་ཡོ་བསྲང་བྱས་ནས། སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་ཏེ་“མཐོ་བ་གཉིས”ཀྱི་ལས་གཞི་གང་འདོད་ཀྱིས་འཕེལ་རྒྱས་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། དབྱར་ཁའི་གློག་ཤུགས་རྩེར་སོན་དུས་སྐབས་ཀྱི་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་བཀག་འགོག་བྱས་ནས། ས་གནས་ཏང་སྲིད་ཀྱིས་མགོ་ཁྲིད་དང་འགན་གཙོ་བོར་ཁུར་ཡོད་པའི་ནོར་སྲིད་དངུལ་རྩའི་ཉེན་ཁ་ཐག་གཅོད་ཀྱི་སྒྲིག་སྲོལ་ལག་བསྟར་བྱས་ཏེ། ཁེ་ལས་རྒྱལ་ཕྱིའི་ཚོང་རར་འདོན་པའི་ལྟ་ཞིབ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཁང་པ་ནི་སྡོད་ཁང་ཡིན་པ་ལས་ཁེ་ཚོང་རྒྱག་བྱེད་མིན་པ་ཚད་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ས་རིན་བརྟན་པ་དང་ཁང་རིན་བརྟན་པ། སྔོན་དཔག་བརྟན་པ་བཅས་ཀྱིས་ཁང་སའི་ཚོང་ར་བརྟན་བརླིང་དང་བདེ་འཇགས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་དགོས། ཁང་པ་གླ་བ་མགྱོགས་མྱུར་གྱིས་འཕེལ་རྒྱས་བཏང་སྟེ། ས་བཀོལ་བ་དང་ཁྲལ་བསྡུ་བ་སོགས་རྒྱབ་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། དམངས་འཚོ་འགན་སྲུང་དང་བདེ་འཇགས་ཐོན་སྐྱེད་ལེགས་པོར་སྒྲུབ་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་གྱི་ནུས་ལྡན་སྦྲེལ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུ་ཤུགས་ཆེར་གཏོང་བ་དང་། ཞིང་ལས་པས་ཕྱི་རུ་ལས་ཞུགས་བྱེད་པའི་བགྲོད་ལམ་ཕྱེས་ནས། གང་ལ་གང་འཚམ་གྱིས་ལས་ཞུགས་མི་སྣའི་ངལ་རྩོལ་ཁེ་དབང་འགན་སྲུང་བྱེད་པ་ལེགས་བཅོས་གཏོང་དགོས། གཞི་རྩའི་རྒན་གསོ་འགན་སྲུང་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་ཡོང་བར་སྐུལ་སྤེལ་བྱས་ཏེ། “བྱིས་པ་གསུམ”བཙའ་ཆོག་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། བུ་བཙའ་དང་གསོ་སྐྱོང་། སློབ་གསོ་སོགས་སྲིད་ཇུས་ཆ་ཚང་འཐུས་ཚང་དུ་གཏོང་དགོས། སྟོན་འབྲུའི་ཐོན་སྐྱེད་ལེགས་པོར་བཟུང་ནས། འབྲུ་རིགས་བདེ་འཇགས་ཡོང་བར་འགན་སྲུང་དང་ཕག་གསོའི་ཐོན་སྐྱེད་བརྟན་པོ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་སྤྱི་པའི་བདེ་འཇགས་ཞེས་པའི་རྒྱུད་སྐུད་འདི་དམ་པོར་བསྡམས་ཏེ། འབྲུབ་འགོག་རྒུད་སྐྱོབ་ཀྱི་བྱེད་ཐབས་སོ་སོ་ཞིབ་འཛིན་ནན་འཛིན་གྱིས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་སྲུང་བྱེད་དགོས། པྲོག་གསར་གློ་ཚད་རིམས་ནད་ལྷོད་པ་མེད་པར་སྔོན་འགོག་བྱས་ནས། འགོག་ཁབ་རྒྱག་པའི་བྱ་བ་རྒྱུན་མཐུད་དུ་སྤེལ་དགོས། པེ་ཅིན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབ་དགོས།

གྲོས་ཚོགས་ཀྱིས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།