ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས2021ལོའི་རྒྱལ་ཡོངས་སྨན་བཅོས་བཅོས་བསྒྱུར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས2021ལོའི་རྒྱལ་ཡོངས་སྨན་བཅོས་བཅོས་བསྒྱུར་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་རྒྱ་ཆེའི་མང་ཚོགས་ཀྱིས་སྨན་བཅོས་བཅོས་བསྒྱུར་ལ་རྒྱུན་མཐུད་དུ་སྐུལ་འདེད་བཏང་བའི་རེ་འདུན་ལ་དམིགས་ཏེ། མང་ཚོགས་ལ་སྔར་བས་སྟབས་བདེ་དང་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་ནན་གྱིས་བསྟན། སུན་ཁྲུན་ལན་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས20ཉིན། 2021ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་བཅོས་བསྒྱུར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། སྨན་བཅོས་འཕྲོད་བསྟེན་ནི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་ཐུབ་པའི་སྲ་ཞིང་འཁྲེགས་པའི་ཁྲབ་ཕུབ་ཡིན། རེས་སྐོར་གསར་བའི་སྨན་བཅོས་བཅོས་བསྒྱུར་བྱས་ཚུན། གཞི་རྩ་འགན་ལེན་དང་ལམ་སྲོལ་འཛུགས་པ། གཞི་རིམ་སྟོབས་ཆེར་གཏོང་བ་བཅས་བྱས་པ་བརྒྱུད། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་ལེན་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན། ལྷག་པར་དུ་པྲོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་ཁྲོད་སྨན་བཅོས་འཕྲོད་བསྟེན་མ་ལག་གིས་བྱས་རྗེས་གལ་ཆེན་བཞག་ཡོད། དེའི་ཆེད་དུ་རྒྱ་ཆེའི་སྨན་དོན་མི་སྣ་དང་སྨན་བཅོས་བཅོས་བསྒྱུར་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། མི་དམངས་གོང་དུ་བཀུར་ཞིང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱེད་པ་བཅས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་རེ་སྒུག་ལ་དམིགས་ཏེ། སྨན་བཅོས་བཅོས་བསྒྱུར་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། སྔོན་འགོག་གཙོར་འཛིན་དང་སྨན་བཅོས་སྔོན་འགོག་མཉམ་སྒྲུབ་ལ་སྔར་བས་དོ་སྣང་བྱས་ཏེ། གང་མགྱོགས་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་ནད་སྟོན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་སྨན་བཅོས་དང་སྨན་བཅོས་འགན་བཅོལ། སྨན་རྫས་བཅས“སྨན་གསུམ”མཉམ་འགུལ་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ནུས་ཤུགས་ཆེན་པོས་སྔོན་མངགས་སྨན་བཅོས་དང་། བརྟག་དཔྱད་ཞིབ་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན། སྒོ་བསྟེན་སྨན་རིན་ཞིང་ཆེན་བརྒལ་ནས་རྩིས་ཞུ་བྱེད་པ་སོགས་ཀྱི་དམངས་ཕན་བྱེད་ཐབས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མང་ཚོགས་ལ་འཕྲལ་མཁོ་ཆེ་བའི་སྨན་རྫས་མཁོ་སྤྲོད་དང་རིན་གོང་བརྟན་བརླིང་ཡོང་བའི་ལས་དོན་ལ་མུ་མཐུད་ནན་འཛིན་ཡག་པོ་བྱས་ཤིང་། ཚོང་འདུས་ཉོ་སྒྲུབ་བྱེད་ཚད་ཇེ་མང་དུ་བཏང་ནས་མང་ཚོགས་ལ་སྨན་རིན་དམའ་བའི་ཕན་ཁེ་ལོངས་སྤྱོད་དུ་འཇུག་དགོས། གང་མགྱོགས་སྒོས་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྱོང་བྱས་ཏེ། ཀྲུང་ལུགས་གསོ་རིག་དར་རྒྱས་གོང་སྤེལ་དང་གྲོང་གསེབ་སྨན་པའི་དཔུང་ཁག་འཛུགས་སྐྱོང་། “དྲ་སྦྲེལ+སྨན་བཅོས་བདེ་ཐང”སོགས་གཙོ་གནད་ལས་དོན་ཡག་པོ་སྒྲུབ་པ། སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་རྒྱུར་རྒྱབ་སྐྱོར་དང་ཚད་ལྡན་ངང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མང་ཚོགས་ལ་སྔར་བས་སྟབས་བདེ་དང་སྔར་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྔར་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་བཅོས་བསྒྱུར་མགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་སུན་ཁྲུན་ལན་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྨན་བཅོས་བཅོས་བསྒྱུར་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ། མི་དམངས་བདེ་ཐང་ཡོང་བ་ལྟེ་བར་འཛིན་པ་མཐའ་འཁྱོངས། སན་མིང་སྨན་བཅོས་བཅོས་བསྒྱུར་གྱི་ཉམས་མྱོང་ཁྱབ་སྤེལ་བྱ་རྒྱུ་ནན་འཛིན་བྱེད་པ་བཅས་བྱས་ནས། “གཞི་རིམ་དུ་སྨན་བཅོས་ཐོག་མ་བྱེད་པ་དང་། ཕྱོགས་གཉིས་ཀྱི་སྨན་བཅོས་སྤོ་སྒྱུར་བྱེད་པ། དོས་དྲག་དང་གཅོང་ནད་དབྱེ་ནས་སྨན་བཅོས་བྱེད་པ། གོང་འོག་མཉམ་འགུལ་བྱེད་པ”བཅས་ཀྱི་རིམ་དབྱེའི་ནད་བརྟག་སྨན་བཅོས་ཀྱི་རྣམ་པ་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་དགོས་ཤིང་། སྔོན་འགོག་གཙོ་བོར་འཛིན་པ་སྔར་ལས་ལྷག་པར་གཙིགས་སུ་འཛིན་པ་དང་། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ལ་སྔར་ལས་ལྷག་པར་མཐོང་ཆེན་བྱེད་པ། སྨན་བཅོས་བཅོས་བསྒྱུར་སྐོར་གྱི་སྲིད་ཇུས་ཀྱི་མ་ལག་དང་མཐུན་སྦྱོར་མཉམ་འགུལ་ལ་སྔར་ལས་ལྷག་པར་དོ་སྣང་ཆེན་པོ་བྱེད་པ་བཅས་བྱས་ཏེ། བཅོས་བསྒྱུར་གྱི་ཕན་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། མང་ཚོགས་ཀྱིས་སྨན་པར་སྟོན་པ་དང་སྨན་བཅོས་བྱེད་པའི“བྲེལ་ཚུབ་ཆེ་བ་དང་བཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ”བཅས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱ་དགོས། 

སུན་ཁྲུན་ལན་གྱིས་བསྟན་དོན། སན་མིང་སྨན་བཅོས་བཅོས་བསྒྱུར་གྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། ཡུལ་བབ་དང་བསྟུན་ཞིང་བརྒྱུད་རིམ་ལྡན་པའི་མཉམ་འགུལ་མཐའ་འཁྱོངས་བྱས་ནས། ད་དུང་འཚོལ་ཞིབ་བྱེད་དགོས་པའི་བཅོས་བསྒྱུར་ལ་སྔོན་འགྲོའི་ཚོད་ལྟ་བྱས་ཏེ་ཉམས་མྱོང་ཐོབ་རྗེས་ད་གཟོད་ཁྱབ་གདལ་གཏོང་དགོས། གང་མགྱོགས་སྒོས་རིམ་དབྱེའི་སྨན་བཅོས་མ་ལག་བཙུགས་ཏེ། ས་ཁོངས་སྨན་བཅོས་ལྟེ་གནས་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། སྲིད་ཇུས་ཀྱི་ཁྲིད་སྟོན་དང་ལམ་སྲོལ་གསར་གཏོད་ལ་བརྟེན་ནས་སྨན་བཅོས་ཀྱི་སྒྲིག་ལམ་སྔར་བས་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྤྱི་འདོམས་རིམ་པ་སྲ་བརྟན་དང་མཐོ་འདེགས་བཏང་ནས་ས་ཁུལ་གྲོང་ཁྱེར་རིམ་པའི་སྤྱི་འདོམས་ཇེ་ནན་དང་ཞིང་ཆེན་རིམ་པའི་སྤྱི་འདོམས་ལ་སྐུལ་འདེད་གཏོང་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། དེ་དང་ཆབས་ཅིག་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་ལ་བཅོས་བསྒྱུར་གཏིང་ཟབ་བྱས་ནས་དོ་དམ་ཆུ་ཚད་དང་ཉེན་ཁ་འགོག་ཟོན་ནུས་པ་ཆེ་རུ་གཏོང་དགོས། སྨན་རྫས་ཀྱི་ཟད་གྲོན་རྒྱུ་ཆ་བསྡུ་གསོག་བྱེད་པའི་ཁྱབ་ཁོངས་རྒྱ་སྐྱེད་བྱེད་པ་དང་མཉམ་དུ་སྨན་བཅོས་ཞབས་ཞུའི་རིན་གོང་སྟབས་བསྟུན་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། གཞུང་བཙུགས་སྨན་ཁང་གི་ལས་རྗེས་དཔྱད་ཞིབ་དང་གླ་ཕོགས་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ནད་ཐོག་སྨན་བཅོས་ཆེད་ལས་ཚན་ཁག་འཛུགས་སྐྱོང་དང་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། སྨན་བཅོས་སྔོན་འགོག་མཐུན་སྦྱོར་ལམ་སྲོལ་གསར་གཏོད་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཡག་པོར་སྒྲུབ་པ་བཅས་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།