ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད》ཅེས་པ་སྤེལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་ཐེངས14པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད》སྤེལ། 

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། འདས་བའི་ལོ་བརྒྱའི་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་ཕན་འབྲས་བསྐྲུན་ཡོད། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སླར་ཡང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཡིག་རྒྱུགས་སྤྲོད་པའི་ལམ་བུར་སྐྱོད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བྱ་གཞག་ལ་ཆོད་སེམས་བརྟན་ཞིང་ལོ་བརྒྱའི་ལང་ཚོ་དར་ལ་བབས་ཡོད། འདས་ཟིན་པར་ཕྱི་མིག་བལྟས་ཤིང་མ་འོངས་པར་རྒྱང་ལྟ་བྱས་ཚེ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་སྟོབས་ལྡན་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་དམ་ཟབ་ཡོད་ན། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ངེས། 

རྩོམ་ཡིག་ནང་བསྟན་དོན། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཏེ། ཀྲུང་ཧྭའི་ས་གཞི་ཆེན་མོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་རྒྱུས་རང་བཞིན་གྱིས་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས། བློ་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་བསྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད། 

རྩོམ་ཡིག་ནང་བསྟན་དོན། ལོ་བརྒྱའི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་བྱས་པའི་འབད་འཐབ་མཐའ་དག་དང་། བློས་གཏོང་མཐའ་དག གསར་གཏོད་མཐའ་དག་མདོར་བསྡུས་ན་བརྗོད་གཞི་གཅིག་ཡིན་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱ་ཆེད་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱ་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དམངས་གཙོའི་རིང་ལུགས་གསར་བའི་གསར་བརྗེའི་གྲུབ་འབྲས་རླབས་ཆེན་གསར་སྐྲུན་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་ཆེན་གསར་སྐྲུན་བྱས་ཤིང་། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་ཆེན་གསར་སྐྲུན་བྱས་ལ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རླབས་ཆེན་གསར་སྐྲུན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་བསུས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད་ཅེས་བརྗིད་ཉམས་ཆེན་པོའི་ངང་ཁྱབ་བསྒྲགས་བྱས།

རྩོམ་ཡིག་ནང་བསྟན་དོན། ལོ་བརྒྱའི་སྔོན་ལ། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་བྱོན་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས། བདེན་དོན་མཐའ་འཁྱོངས་དང་ཕུགས་བསམ་བརྟན་སྲུང་། ཐོག་མའི་བསམ་འདུན་ལག་ལེན། འགན་འཁྲི་འཁུར་ཕོད་པ། རང་སྲོག་བློས་གཏོང་ཕོད་པ། དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་ཞིང་མི་དམངས་ཀྱི་བློ་འགེལ་ཆོག་པའི་རླབས་ཆེ་བའི་ཏང་འཛུགས་སྐྱོང་བྱེད་པའི་དགོངས་པ་གྲུབ་ཡོད་ལ། དེ་ཡང་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན། ལོ་བརྒྱའི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་འཛུགས་སྐྱོང་བྱེད་པའི་རླབས་ཆེའི་དགོངས་པ་དར་སྤེལ་བཏང་སྟེ་དུས་ཡུན་རིང་པོའི་འབད་འཐབ་བྱེད་རིང་དུ་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་མ་ལག་བསྐྲུན་ནས་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་སྦྱོང་བརྡར་ཐོབ་ཡོད། ང་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དུ་དར་སྤེལ་དང་གསར་བརྗེའི་ཁྲག་རྒྱུན་མུ་མཐུད་དུ་རྒྱུན་འཛིན་བྱས་ཏེ་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་གཏོང་དགོས། 

རྩོམ་ཡིག་ནང་བསྟན་དོན། ལོ་རྒྱུས་མེ་ལོང་དུ་བཟུང་ན་དར་རྒུད་ཤེས་ཐུབ། ང་ཚོས་ལོ་རྒྱུས་ལ་བརྟེན་ནས་དོན་དངོས་ལ་ཞིབ་ལྟ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་འདས་ཟིན་པའི་ང་ཚོར་ཅིའི་ཕྱིར་རྒྱལ་ཁ་ཐོབ་པ་དང་། འབྱུང་འགྱུར་ང་ཚོས་ཇི་ལྟར་བྱས་ན་མུ་མཐུད་དུ་རྒྱལ་ཁ་ལེན་པར་རྒྱུན་ལོན་གསལ་བོ་བྱས་ན། རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཐོག་སྔར་བས་བློ་བརྟན་དང་སྔར་བས་རང་རྟོགས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་ངེས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ། ལོ་རྒྱུས་མེ་ལོང་དུ་བཟུང་སྟེ་འབྱུང་འགྱུར་གསར་གཏོད་བྱེད་ཚེ། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་སྟོབས་ལྡན་མཐའ་འཁྱོངས་བྱེད་དགོས་ལ། ངེས་པར་དུ་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཟམ་མི་ཆད་པར་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་འབད་འཐབ་བྱེད་དགོས། ངེས་པར་དུ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་དགོས། ངེས་པར་དུ་རྒྱུན་ཆད་མེད་པར་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་དགོས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་དགོས། ངེས་པར་དུ་ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱག་དགོས། ངེས་པར་དུ་རྒྱུན་ཆད་མེད་པར་ཏང་འཛུགས་སྐྱོང་གི་རླབས་ཆེའི་བཟོ་འགོད་གསར་བར་སྐུལ་འདེད་གཏོང་དགོས། 

རྩོམ་ཡིག་ནང་ཀྲུང་གོ་གུང་ཁྲན་ཏང་ཡོན་ཚང་མས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཟུང་སྟེ། ཕུགས་བསམ་དད་སེམས་མི་འགྱུར་བར་ཏང་གི་དམིགས་བྱ་ལག་ལེན་བསྟར་ནས། ནམ་ཡང་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་སྒྲུབ་པ། སྐྱིད་སྡུག་མཉམ་མྱོང་དང་བདེ་སྡུག་མཉམ་གནས་བྱས་ཏེ། མུ་མཐུད་དུ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྙེག་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱེད་དགོས་ལ། ཧུར་ཐག་གིས་ཏང་དང་མི་དམངས་ལ་གཟི་བརྗིད་སྔར་བས་ཆེ་བ་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་གནང་། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།