ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་དེ་སྤྱི་ཚོགས་ཡོངས་ཀྱི་ལྟད་མོ་བར་ལྟ་སྐོར་བྱེད་དུ་འཇུག་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་འཆིངས”ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་གྱི་སློབ་གསོ་ནུས་པ་འདོན་སྤེལ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་རྣམས་ཏང་གི་ཧུར་བརྩོན་ལོ་རྒྱུས་ལས་མདུན་སྐྱོད་ནུས་ཤུགས་ཐོབ་པར་སྣེ་ཁྲིད་བྱ་ཆེད། ཟླ6པའི་ཚེས19ཉིན་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་དེ་ཆེད་དོན་ལྟ་སྐོར་དང་རྩ་འཛུགས་བྱས་པའི་ལྟད་མོ་བར་ལྟ་སྐོར་བྱེད་དུ་འཇུག་པའི་རྣམ་པ་བརྒྱུད་ནས། རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན། བློ་མཐུན་རྒན་པའི་འཐུས་མི། དམངས་གཙོའི་ཏང་ཁག་སོ་སོ། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མི། དཔེ་མཚོན་གྱི་སྔོན་ཐོན་འཐུས་མི། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་འཐུས་མི། ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་འཐུས་མི། ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ལས་བཟོ་བའི་འཐུས་མི། མཐོ་རིམ་སློབ་གྲྭའི་སློབ་མའི་འཐུས་མི། པེ་ཅིང་དུ་སྡོད་པའི་དཔོན་དམག་གི་འཐུས་མི། པེ་ཅིང་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོགས་ལས་རིགས་སོ་སོའི་མི་སྣ་རྣམས་ལྟ་སྐོར་བྱེད་པར་བཀོད་སྒྲིག་བྱས་ཡོད་ལ། མིག་སྔའི་བར་ལྟ་སྐོར་བྱེད་མཁན་མི་ཁྲི6ལས་བརྒལ་ཡོད།

རྒྱུས་ལོན་པ་ལྟར་ན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་གིས་མུ་མཐུད་དུ་ལྟད་མོ་བ་རྩ་འཛུགས་བྱས་ཏེ་ལྟ་སྐོར་བྱེད་དུ་འཇུག་པའི་དུས་མཚུངས་སུ། ཟླ7པའི་ཚེས15ཉིན་ནས་སྤྱི་ཚོགས་ཡོངས་ལ་ལྟ་སྐོར་བྱེད་དུ་འཇུག་རྒྱུ་མ་ཟད། རིམས་ནད་འགོག་སྲུང་རྒྱུན་རྣམ་ཅན་གྱི་བླང་བྱ་ལྟར། གནས་སྐབས་སུ་ཉིན་རེར་སྔོན་ལ་ཁ་ཆད་བྱས་ཡོད་པའི་སྤྱི་ཚོགས་ཡོངས་ལ་ཁ་གཏད་པའི་ལྟ་སྐོར་བ3000ལས་ལྟ་སྐོར་བྱེད་དུ་འཇུག་རྒྱུ་མིན་མོད། གནས་ཚུལ་དངོས་ལ་གཞིགས་ནས་ལྟ་སྐོར་བའི་གྲངས་ཀ་ཇེ་མང་དུ་གཏོང་རྒྱུ་རེད། 

གཞན་ལྟ་སྐོར་བྱེད་དུས་ཡུལ་དངོས་ཀྱི་ལས་བྱེད་མི་སྣའི་ཁྲིད་སྟོན་འོག་རང་འགུལ་གྱིས་བདེ་འཇགས་ཞིབ་བཤེར་དང་ལེན་དང་རང་ཉིད་ཀྱི་བདེ་ཐང་ཨང་རིས་སྟོན་རྒྱུ། བདེ་ཐང་ལྟ་ཞིབ་ཚད་ལེན་བྱ་རྒྱུ། མགོ་མཇུག་བར་གསུམ་ཀུན་ཏུ་ཁ་ཐུམ་བརྒྱག་པ་བཅས་བྱེད་དགོས།

གནས་ཚུལ་གསལ་བོ་ཁ་པར་དང་དྲ་ཐོག་བརྒྱུད་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང(http://ticket.cpcmuseum.cn)གི་མ་ལག་ལས་ལྟ་སྐོར་བྱེད་པར་འདྲི་རྩད་ཁ་ཆད་བྱ་ཆོག །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།