ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲེང་ཨེན་གྱིས་ཕན་ཚུན་ལ《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་གློག་འཕྲིན་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་དོན་ཨུ་ཡོན་གྱི་མགོ་འཛིན། ཁྲའོ་ཞན་དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་དམག་སྤྱི་ཅིན་ཀྲེང་ཨེན་གྱིས་ཕན་ཚུན་ལ《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་གློག་འཕྲིན་སྤྲིངས། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། 1961ལོར་ཀྲུང་གོ་དང་ཁྲའོ་ཞན་གྱི་མགོ་ཁྲིད་རྒན་རབས་ཚོས་གཟིགས་རྒྱང་རིང་པོས《ཀྲུང་ཁྲའོ་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》ལ་མིང་རྟགས་འགོད་པའི་འཐབ་ཇུས་ཇུས་འགོད་གནང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁྲག་དྲོན་ལས་གྲུབ་པའི་འཐབ་འཛིང་གི་མཛའ་བརྩེ་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་བར་གྱི་རྒྱུན་སྲིང་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་རྨང་གཞི་གལ་ཆེན་བཏིང་ཡོད། ལོ60ཡི་རིང་ཀྲུང་ཁྲའོ་ཕྱོགས་གཉིས་པོས་ཆིངས་ཡིག་གི་དགོངས་དོན་མཐའ་འཁྱོངས་བྱས་ཏེ་ཕན་ཚུན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་ལག་གདང་སྦྲེལ་ཏེ་འབད་འཐབ་བྱས་པས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་གཅེན་གཅུང་ལྟ་བུའི་སྲོལ་རྒྱུན་མཛའ་བརྩེ་ཇེ་ཟབ་ཏུ་ཕྱིན་པ་དང་། རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་ལྕག་ཐེབས་ཤིང་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ཐུག་འཕྲད་ཐེངས་མང་བྱས་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་བཟོས། ཀྲུང་ཁྲའོ་མཛའ་མཐུན་ལ་དུས་རབས་ཀྱི་ནང་དོན་བསྣན་པ་དང་། ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་གྲུབ་ཡོད། དེང་གི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མེད་པའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་དམ་འཛིན་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་འདོད་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉེ་སྔོན་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་གཟབ་རྒྱས་ཞུས། མིག་སྔར་ཁྲའོ་ཞན་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་བརྒྱད་པའི་ཐབས་ཇུས་བཀོད་སྒྲིག་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་བཞིན་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་དཔལ་འབྱོར་དང་དམངས་འཚོ་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ལ་སྐུལ་འདེད་ནུས་ལྡན་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་སྣེ་ཁྲིད་འོག་ཁྲའོ་ཞན་ཏང་དང་མི་དམངས་ལ་གྲུབ་འབྲས་གསར་པ་སྔར་བས་ཆེན་པོ་ཐོབ་པར་ཡིད་ཆེས་ཡོད། 

ཅིན་ཀྲེང་ཨེན་གྱིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། 《ཁྲའོ་ཀྲུང་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་འཛམ་གླིང་ཡོངས་ལ་ཁྲའོ་ཞན་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོའི་ཐོག་དུས་ཡུན་རིང་པོའི་ནང་ཁྲག་དྲོན་ལས་གྲུབ་པའི་ཁྲའོ་ཀྲུང་མཛའ་བརྩེའི་འགྱུར་མེད་བློ་སྟོབས་མངོན་ཡོད། ལོ60ཡི་རིང་ཁྲའོ་ཞན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཕན་ཚུན་ལ་རྒྱབ་སྐྱོར་དང་ཕན་ཚུན་ལ་རོགས་རམ་བྱས་ནས་སྤོབས་སེམས་སྐྱེ་འོས་པའི་མཛའ་མཐུན་ལོ་རྒྱུས་བསྐྲུན་ཡོད། ཉེ་བའི་ལོ་འགའི་རིང་། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཁྲའོ་ཀྲུང་རྒྱལ་ཁབ་གཉིས་པོའི་བློ་མཐུན་ལྟ་བུའི་ཡིད་ཆེས་དང་དམག་འཐབ་ཀྱི་མཛའ་བརྩེ་ཉིན་རེ་བཞིན་ཇེ་ཟབ་ཏུ་ཕྱིན་ནས་ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་མཐོ་བའི་དུས་མཚམས་སུ་སླེབས་ཡོད། 

ཅིན་ཀྲེང་ཨེན་གྱིས་བསྟན་དོན། ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་དང་འཕེལ་རྒྱས་གཏོང་རྒྱུ་ནི་ཁྲའོ་ཞན་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་རེད། ཁྲའོ་ཞན་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ཕྱོགས་གཉིས་པོའི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཡིན་པའི་ཁྲའོ་ཀྲུང་མཛའ་བརྩེ་ལ་སྔར་བས་གཅེས་སྤྲས་བྱས་ནས། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་འཛུགས་སྐྲུན་བྱེད་པའི་བླ་ན་མེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱ་རྒྱུ་ཡིན། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་ཡང་བསྐྱར་བཀྲ་ཤིས་རྟེན་འབྲེལ་ཞུ། ཀྲུང་གོའི་ཏང་དང་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བྱ་གཞག་ལ་རྒྱལ་ཁ་སྔར་ལས་ཆེ་བ་ཐོབ་པར་སྨོན་འདུན་ཞུ། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།