ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཏ་ཆི་ཆི་དང་གྲོས་མོལ་བྱས།

ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར།  ཀྲུང་གོ་དང་སེར་ཝེ་ཡ་གཉིས་ཀྱིས་རང་མི་རིགས་ཀྱི་རང་བཙན་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་དུ།    ཡུལ་དུས་བརྒལ་བའི་བརྩེ་བ་ཟབ་མོ་ཆགས་པར་བྱས་ཡོད།   ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཝུའུ་ཆི་ཆི་གཉིས་ཀྱི་གཅིག་གྱུར་འགོ་ཁྲིད་འོག་ཏུ།  ཀྲུང་གོ་དང་སེར་ཝེ་ཡ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་ཟབ་མོ་བྱུང་སྟེ།   སྔ་ན་མེད་པའི་ཆུ་ཚད་དུ་སླེབས་པར་བྱས་ཡོད།   ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་ཕྱོགས་དང་མཉམ་དུ།  རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་འདུ་ཤེས་དོན་འཁྱོལ་ནན་མོ་བྱེད་པ་དང་།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།  ཕྱོགས་གཉིས་ཀྱིས་ཆབ་སྲིད་སྟེང་ཕན་ཚུན་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་དགོས་པ་དང་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ།   རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་སྔ་མོ་ནས་རིམས་ནད་ལས་རྒྱལ་བར་བྱེད་པ་དང་།   ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ།   སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ།   རིག་གནས་དང་སློབ་གསོ།   རིག་རྩལ།   ས་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་རྒྱ་བསྐྱེད་པ་སོགས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཟབ་མོའི་དམངས་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།   ལིས་ཀྲན་ཧྲུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་འཚམས་སྦྱོར་བྱས་པ་དང་།    སེར་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུས་པར་བཀའ་དྲིན་ཆེ་ཞུས།

ལིས་ཀྲན་ཧྲུའུ་ཡིས་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ནན་མོ་བྱས་ཏེ་མཉམ་ལས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན།  ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་དང་མཉམ་དུ་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་།   ཕྱོགས་མང་གྲོས་ཚོགས་རྩ་འཛུགས་ཁྲོད་ཀྱི་མཐུན་སྦྱོར་རོགས་རེས་ལ་ཤུགས་སྣོན་པ།   མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོབ་བྱེད་པ།    མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།   ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཕན་པའི་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་འགོད་པ་དང་བཟོ་བཅོས་བྱེད་པའམ་ཡང་ན་ཕྱིར་བཏོན་ནས་ཁྲིམས་འཛུགས་ལྟ་སྐུལ་དང་འཕེལ་རྒྱས་བགྲོད་ལམ་སོགས་ཐད་ཀྱི་བརྗེ་རེས་ལ་ཤུགས་སྣོན་དགོས།

ཏ་ཆི་ཆི་ཡིས་བསྟན་དོན།   སེར་ཝེ་ཡ་དང་ཀྲུང་གོ་གཉིས་བར་ལ་མཛའ་བརྩེ་ཟབ་མོ་ཡོད་པ་དང་།   ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།  སེར་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་།   ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ།    རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།   ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་པ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་འགོག་སྲུང་ཁྲོད་དུ་སེར་ཝེ་ཡ་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན།   སེར་ཝེ་ཡ་རྒྱལ་དམངས་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་བརྩེའི་འགྲོ་འོང་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཧོ་མིན་ཅིན་གྲོས་མོལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།