ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཞིང་ལས་ཐོན་རྫས་ཀྱི་ཚད་གཞི་ལོན་ཚད་བསྟུད་མར་ལོ་དྲུག་ལ97%ཡན་ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར་གསར་འགོད་པས་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་གསལ་ལྟར་ན། རང་རྒྱལ་གྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་རྒྱུན་ལྡན་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་ལོན་ཚད་བསྟུད་མར་ལོ་དྲུག་ལ97%ཡན་རྒྱུན་འཁྱོངས་ཐུབ་པ་དང་། སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་མངོན་ཡོད། དེ་དང་ཆབས་ཅིག་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་དེ་ས་ཁུལ་ཁག་ཅིག་དང་ས་བོན་ཁག་ཅིག་གི་སྟེང་སྔར་བཞིན་གནས་ཡོད་པ་རེད། ཞིང་ལས་དང་གྲོང་གསེབ་པུས་ལོ་གསུམ་གྱི་བྱ་སྤྱོད་སྤེལ་ནས་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་ཏན་ཏིག་བྱ་རྒྱུ་རེད།

ཞིང་ལས་དང་གྲོང་གསེབ་པུས་བྱ་བར་སྐུལ་འདེད་གཏོང་བའི་ཐད“ལྷུ་ཚིགས་ལྔ”གཙོ་གནད་སྒོས་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། འབྱུང་རྩ་ཚོད་འཛིན་གྱིས་ཕྱུགས་སྨན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་སྐྱེད་དམ་འཛིན་གྱིས་ཞིང་སྨན་དང་ཕྱུགས་སྨན་སྤྱོད་སྟངས་ཚད་ལྡན་དུ་གཏོང་བ། ཚོང་ཟོག་འགྲེམ་སྤེལ་ལ་ཕྱོགས་ནས་འཇུག་འཐུས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཁྲིམས་འཛིན་ལ་ཤུགས་བསྣན་ནས། སྤྱོད་མི་ཆོག་པའི་སྨན་རྫས་བེད་སྤྱོད་ཀྱི་བྱ་སྤྱོད་ལ་ཆད་པ་ནན་པོ་གཅོད་པ། ལམ་ལུགས་བཟོས་ནས་རྩ་ལག་མཉམ་བཅོས་ཀྱིས་ཡུན་ཕན་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས་པ་དང་། ཐོན་སྐྱེད་གཙོ་བོ་དང་། ལྟ་སྐུལ་དོ་དམ་སྡེ་ཁག ས་གནས་སྲིད་གཞུང་བཅས་ཀྱི“འགན་འཁྲི་གསུམ”གཟབ་ནན་དུ་བཏང་ནས་བཅོས་སྐྱོང་གི་གྲུབ་འབྲས་གཏན་འཇགས་ཡོང་བར་བྱེད་དགོས།

ངོ་སྤྲོད་བྱས་པར་གཞིགས་ན། རྗེས་མར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱ་རྒྱུ་ཡིན་ཞིང་། ས་གནས་སོ་སོས་ཞིང་ལས་ཐོན་རྫས་སྤུས་ཚད་ཀྱི་བདེ་འཇགས་ཐད་ཀྱི་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཐོན་སྐྱེད་བྱེད་སྟངས་བསྒྱུར་ནས་ལྗང་མདོག་སྔོན་འགོག་ཚོད་འཛིན་བྱེད་དགོས། ཞིང་ལས་དང་གྲོང་གསེབ་པུས་བཅོས་སྒྲིག་བྱ་སྤྱོད་སྤེལ་ཚུལ་དང་བྱ་བའི་ཕན་འབྲས་དེ་བཟའ་བཅའི་བདེ་འཇགས་དཔྱད་ཞིབ་ནང་འཇུག་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད་ལྐོག་བཤེར་ལྐོག་ཞིབ་དང་འཕུར་སྐྱོད་ཞིབ་བཤེར་བཀོད་སྒྲིག་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱ་སྤྱོད་དེས་ལོ་གསུམ་ཙམ་གྱི་དུས་ཚོད་སྤྱད་དེ་ཐོན་སྐྱེད་བྱེད་སྟངས་སྔར་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་སྔོན་འགོག་ཚོད་འཛིན་ལག་རྩལ་ཡོངས་ཁྱབ་ངང་སྤྱོད་པ་དང་། ཐོན་སྐྱེད་ཕྱིར་འཚོང་བྱས་པའི་བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་བཟའ་བཅའི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་ལ། ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲི། ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་གཙོ་གཞི་འགན་འཁྲི་བཅས་སྔར་ལས་དོན་འཁྱོལ་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།