ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཅེ་ཁྲི་ཡིས་དུས་བཅད་ལྟར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི་ཡིས་དུས་བཅད་ལྟར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་ལ་ཁ་པར་བཏང་།

དབྱང་ཅེ་ཁྲི་ཡིས་བཤད་དོན། གྲོས་མོལ་མཉམ་ལས་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཐབས་ལམ་གཙོ་བོ་ཞིག་ཡིན། མཉམ་ལས་བྱས་ན་ཕྱོགས་གཉིས་ཀར་ཕན་པ་དང་དོ་མཉམ་སྒོས་ཕན་ཚུན་གྱིས་ཡིད་འཇོག་བྱེད་པའི་གནད་དོན་ཐག་གཅོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་གདོང་གཏུག་མེད་པ་དང་འགྲན་རྒོལ་མི་བྱེད་པ། ཕན་ཚུན་ལ་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་པ་དང་། དུས་མཚུངས་སུ་བློ་ཐག་རྦད་ཆོད་སྒོས་རང་སྟེང་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་སྲུང་སྐྱོབ་བྱེད་པ་ཡིན། ཐེ་ཝན་གནད་དོན་དེ་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་འབྲེལ་བ་ཡོད་པ་དང་ཀྲུང་གོ་ཕྱོགས་ཀྱི་སྲོག་ཤིང་ཁེ་ཕན་ལའང་འབྲེལ་བ་ཡོད། འཛམ་གླིང་སྟེང་དུ་ཀྲུང་གོ་གཅིག་མ་གཏོགས་མེད་ལ། ཐེ་ཝན་ནི་ཀྲུང་གོ་དང་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བ་སྲུང་སྐྱོབ་བྱེད་པ་ཡིན། ང་ཚོས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཁས་ལེན་དམ་བཅའ་བརྩི་སྲུང་བྱེད་པ་དང་། ལུགས་མཐུན་སྒོས་ཐེ་ཝན་དང་འབྲེལ་བའི་གནད་དོན་ཐག་གཅོད་པ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཁྱོན་ཡོངས་དང་ཐེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པར་སྐུལ་མ་གཏོང་བ་ཡིན་ཟེར།

དབྱང་ཅེ་ཁྲི་ཡིས་བཤད་དོན། ཀྲུང་གོས་མི་འགྱངས་པར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་ངེས་ཡིན། ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་མགོ་ཁྲིད་འོག་རླབས་ཆེན་གྲུབ་འབྲས་བླངས་ཤིང་། སྔར་ལས་མཐུན་སྒྲིལ་དམ་པོ་བྱེད་པ་དང་སྔར་ལས་འབད་འཐབ་བརྩོན་ལེན་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་སྐྱོད་པ་དང་། རྒྱལ་ཁབ་སྔར་ལས་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་པར་མ་ཟད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ངེས་ཡིན་ཟེར།

པུའུ་ལིན་ཁིན་གྱིས་བཤད་དོན།  ཨ་མེ་རི་ཁ་དང་ཀྲུང་གོས་ཉེ་བའི་དུས་སྐབས་ཤིག་ལ་འབྲེལ་འདྲིས་རབ་དང་རིམ་པ་བྱས་པར་ཕྱོགས་གཉིས་ཀྱི་འབྲེལ་བར་ཕན་པ་ཡོད་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་རིམ་པ་སོ་སོར་འབྲེལ་འདྲིས་དང་བརྗེ་རེས་བྱེད་ཤུགས་ཇེ་ཆེར་འགྲོ་བར་རེ་སྒུག་བྱས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་སྤྱི་སྒྲོག་གསུམ་བརྩི་སྲུང་བྱེད་པ་ཡིན།

ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།