ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་དྲ་ལམ་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས11ཉིན་པེ་ཅིན་ནས་སྣ་མང་མཉམ་འབྲེལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཞེས་པའི་དྲ་ལམ་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་བྱས་ཏེ་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་གོ་བ་ལེན་རྒྱུ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་སྐོར་གྱི་སྣ་མང་མཉམ་འབྲེལ་སྐྱེལ་འདྲེན་གྱི་བཀོད་སྒྲིག་གལ་ཆེན་དངོས་འབེབས་བྱེད་པ། རང་རྒྱལ་གྱི་དངོས་ཡོད་གནས་ཚུལ་ནས་རྐང་འཛུགས་རྒྱུ་དང་རྒྱལ་སྤྱིའི་ཉམས་མྱོང་བསྡུ་ལེན་བྱེད་རྒྱུ་གཉིས་གཞི་གཅིག་ཏུ་སྦྲེལ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཁོག་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུ་དང་ཁྱབ་ཁོངས་གཙོ་བོའི་ཐོད་བརྒལ་གཉིས་གཞི་གཅིག་ཏུ་སྦྲེལ་བ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་གཞི་རིམ་འཚོལ་དཔྱོད་ལ་སྐུལ་ལྕག་གཏོང་རྒྱུ་གཉིས་གཞི་གཅིག་ཏུ་སྦྲེལ་རྒྱུ། བབ་སྟུན་སྣེ་ཁྲིད་ཀྱིས་བརྟན་འཇགས་ཀྱི་ཁྲོད་ནས་ཡར་རྒྱས་བརྩོན་ལེན་བྱེད་པ། རིགས་འདྲ་མིན་གྱི་སྐྱེལ་འདྲེན་བྱེད་ཐབས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལྟོས་བཅོས་ཀྱིས་སྒེར་ཚུགས་ཀྱི་འཕེལ་རྒྱས་ནས་གཞི་གཅིག་ཅན་གྱི་སིམ་འདྲེས་འཕེལ་རྒྱས་ཕྱོགས་སུ་སྒྱུར་བ། འགྲིམ་འགྲུལ་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་པ་བཅས་ལ་འབད་མཐར། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཟེར།

སྲིད་གྲོས་ཨུ་ཡོན་དང་གདན་དྲངས་པའི་འཐུས་མི་བཅུ་གཅིག་གིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་ཧུའུ་པེ།   ཁྲུང་ཆིན། ཆིན་ཏའོ་བཅས་ཀྱི་ཚོགས་ར་བཞི་ནས་ཁ་པར་བརྙན་ལམ་བརྒྱུད་དེ་གཏམ་བཤད། ཨུ་ཡོན་བཞི་བཅུ་ལ་ཉེ་བས་སྤོ་སྒུལ་འགན་ནུས་ལག་བསྟར་སྟེགས་བུ་སྤྱད་དེ་བསམ་འཆར་བཏོན། ཚང་མས་བཞེད་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། ཕྱོགས་སོ་སོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས་ནས། སྣ་མང་མཉམ་འབྲེལ་སྐྱེལ་འདྲེན་ལས་དོན་དཀྱིལ་སྙིང་དུ་བཟུང་ནས་འཚོལ་དཔྱོད་མང་དུ་བྱས་པས་དེ་བསྟུན་གྱི་ཕན་འབྲས་ངེས་ཅན་ལོན་ནའང་། ད་དུང་སྒྲིག་ལུགས་ལམ་ལུགས་འཐུས་ཚང་མིན་པ་དང་རྨང་གཞིའི་སྒྲིག་ཆས་ཀྱི་སྦྲེལ་ཐག་བདེ་ལེགས་མིན་པ། ཆ་འཕྲིན་གཞི་གྲངས་མཉམ་སྤྱོད་བྱེད་མི་ཐུབ་པ། ཆོས་ཉིད་ཚད་གཞི་མཐུན་སྦྱོར་མིན་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པས། དེའི་ཐད་ལ་མཐོང་ཆེན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།