ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་སྤྱི་ཚོགས་ཡོངས་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་དྲིལ་སྒྲོག་སློབ་སྦྱོང་བྱེད་པའི་བརྡ་ཡིག་དཔར་འགྲེམ་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས《སྤྱི་ཚོགས་ཡོངས་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་དྲིལ་སྒྲོག་སློབ་སྦྱོང་བྱེད་པའི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་ལ་ཉེ་བའི་སྐབས་འདིར“ལོ་རྒྱུས་བཞི”ཡི་དྲིལ་སྒྲོག་སློབ་གསོ་སྤེལ་བར་བཀོད་སྒྲིག་བྱས།

《བརྡ་སྦྱོར》ལས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་དང་དངོས་འབེབས་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”ཇེ་བརྟན།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བར་དམིགས་ཏེ། སྤྱི་ཚོགས་ཡོངས་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་དྲིལ་སྒྲོག་སློབ་སྦྱོང་རྒྱ་ཆེར་བྱས་ཏེ། ཏང་གི་ལོ་རྒྱུས་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་མང་ཚོགས་ཀྱི་ཁྲོད་ཟུག་པ་དང་། གཞི་རིམ་དུ་ཁྱབ་པ། མིའི་སེམས་སུ་ཟུག་པ་བཅས་བྱེད་པར་སྐུལ་སྤེལ་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བྱས་རྗེས་རླབས་ཆེན་བཞག་པར་ངེས་ཤེས་ཟབ་མོ་སྐྱེ་བར་ཁྲིད་སྟོན་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པར་མི་དམངས་ཀྱི་དོན་དུ་འདུར་རྒྱུག་བྱེད་པའི་ཐོག་མའི་བསམ་འདུན་དང་དམིགས་ཡུལ་ལ་ཚོར་ཤེས་ཟབ་མོ་སྐྱེ་རུ་འཇུག་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གཞུང་ལུགས་ཀྱི་གྲུབ་འབྲས་འགངས་ཆེན་ལ་སློབ་སྦྱོང་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཡུན་རིང་པོར་འབད་བརྩོན་བྱེད་སྐབས་རྡུང་བཟོ་བྱས་པའི་རླབས་ཆེན་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་ཁ་ལ་མཉན་པ་དང་། ཏང་གི་རྗེས་སུ་འབྲངས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་ལག་ལེན་ཁྲོད་བྱས་རྗེས་འཇོག་དགོས།

《བརྡ་སྦྱོར》ལས་གསལ་པོར་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་པ་གཙོ་ཐིག་ཏུ་བཟུང་སྟེ། དགོངས་པ་གལ་ཆེན་འདིའི་གཞུང་ལུགས་ཀྱི་གཏན་ཚིགས་དང་། ལོ་རྒྱུས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་དགོས་པ་དང་། དགོངས་པ་གལ་ཆེན་འདིའི་ལོ་རྒྱུས་ཀྱི་གོ་གནས་དང་དོན་སྙིང་གལ་ཆེན་ལ་ངེས་ཤེས་ཟབ་མོ་སྐྱེ་རུ་བཅུག་སྟེ། ཆབ་སྲིད་ཁས་ལེན་དང་། དགོངས་པ་ཁས་ལེན། གཞུང་ལུགས་ཁས་ལེན། བརྩེ་འདང་ཁས་ལེན་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་དང་། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཐད་བཏོན་པའི་རྣམ་བཤད་གལ་ཆེན་དང་། ལྷག་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེནདང་། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དཔྱིས་ཕྱིན་དང་ཁོང་དུ་ཆུད་པར་བྱས་ཏེ། དུས་ཐོག་ཏུ་རྗེས་འབྲངས་ནས་སློབ་པ་དང་། སྔ་གཞུག་མཐུད་དེ་སློབ་པ། དོན་དངོས་དང་སྦྲེལ་ཏེ་སློབ་པ་བཅས་བྱེད་དགོས། “ལོ་རྒྱུས་བཞི”ཡི་དྲིལ་སྒྲོག་སློབ་གསོའི་དོན་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། ནང་དོན་མཐིལ་རྟོགས་པ་དང་། གཏན་ཚིགས་ཀྱི་ཨ་ལོང་རེ་རེ་སྦྲེལ་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་སྒྲུབ་ཐུབ་པ་དང་། མར་ཁེ་སི་རིང་ལུགས་ཅིའི་ཕྱིར་སྤྱད་ཆོག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བ་བཅས་ཀྱི་གཞི་རྩའི་གནས་ལུགས་ལ་རྒྱུས་ལོན་གསལ་པོ་ཞིག་བྱེད་པར་ཁྲིད་སྟོན་བྱས་ཏེ། ཏང་གི་ལོ་རྒྱུས་གཏིང་ཟབ་སྒོས་ཤེས་རྟོགས་དང་ཁོང་དུ་ཆུད་པ་དང་། ཏང་གི་གཞུང་ལུགས་ལ་ཤེས་རྟོགས་དང་ངེས་ཤེས་ཟབ་མོ་སྐྱེ་རུ་འཇུག་དགོས།

《བརྡ་སྦྱོར》ལས་བསྟན་དོན།དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སོ་སོ་རྩ་འཛུགས་ལེགས་པོ་བྱེད་དགོས་ན། དཔེ་ཀློག་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བ་དང་གཅིག གཞི་རིམ་ནས་སྒྲོག་བཤད་བྱ་འགུལ་སྤེལ་དགོས་པ་དང་གཉིས། སློབ་སྦྱོང་ཉམས་ཞིབ་བྱ་འགུལ་སྤེལ་དགོས་པ་དང་གསུམ། གསར་བརྗེའི་སྔོན་གཤེགས་དཔའ་བོ་ལ་གུས་འདུད་ཞུ་བའི་བྱ་འགུལ་སྤེལ་དགོས་པ་དང་བཞི། སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་དགོས་པ་དང་ལྔ། གསར་བརྗེའི་ཁྱིམ་སྲོལ་རྒྱུན་འཛིན་བྱེད་པའི་བྱ་འགུལ་སྤེལ་དགོས་པ་དང་དྲུག དམངས་ཡོངས་ཀྱིས་རྒྱལ་སྲུང་སློབ་གསོའི་བྱ་འགུལ་སྤེལ་དགོས་པ་དང་བདུན། མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་སྤེལ་དགོས་པ་དང་བརྒྱད་བཅས་སོ། །

《བརྡ་སྦྱོར》ལས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁྲིད་ཕྱོགས་དམ་འཛིན་བྱེད་དགོས་པ་དང་། ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་བཟུང་སྟེ། ནོར་འཆུག་མེད་པའི་སྒོ་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་བརྗོད་གཞིའི་གཙོ་ཐིག་དང་། གཙོ་རྒྱུག་ངོ་བོ་ཁོང་དུ་ཆུད་པར་བྱས་ཏེ། ལངས་ཕྱོགས་གསལ་པོའི་སྒོ་ནས་ལོ་རྒྱུས་བདེན་མེད་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། གཞོན་ནུ་ལོ་ཆུང་ཚོགས་པ་མངོན་པར་བཏོད་དེ། གཞོན་ནུ་ལོ་ཆུང་ཚོགས་པའི་ཁྱད་ཆོས་དང་གོམས་གཤིས་ལ་རྒྱུས་མངའ་ཡོད་པ་དང་། གཞོན་ནུ་ལོ་ཆུང་གིས་སློབ་སྦྱོང་སློབ་གསོ་བྱེད་པར་རྩ་འཛུགས་ལེགས་པོ་བྱས་ཏེ། ཏང་དང་རྒྱལ་ཁབ་དང་སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་བའི་བརྩེ་བ་ཟབ་མོ་སྐྱེད་སྲིང་བྱས་ཏེ། དམར་པོའི་གཞི་རྒྱུད་དང་གསར་བརྗེའི་མེ་ལྕེ་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད་དགོས། བྱ་འགུལ་སྤེལ་ཐབས་ཕུན་སུམ་ཚོགས་པར་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། སྤུས་ལེགས་འགྲེམ་སྟོན་བྱེད་པར་འབད་བརྩོན་བྱེད་པ་དང་། བྱ་འགུལ་གྱི་ནང་དོན་དང་རྣམ་པ་སེམས་ཞིབ་མོའི་ངང་ཇུས་འགོད་བྱེད་པ་དང་། སློབ་གསོའི་ཡིད་འགུག་གི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། དྲ་བའི་སྟེགས་བུ་བེད་སྤྱོད་ལེགས་པོ་བྱས་ཏེ། མཉམ་འདྲེས་སྨྱན་བྱེད་ཀྱི་དགེ་མཚན་སྤྱད་ཐོག འཚོ་བ་དངོས་དང་འབྲེལ་ལ། སྒྲོག་སྤེལ་བྱེད་སླ་བ། མང་ཚོགས་ཀྱིས་བལྟ་རྒྱུར་དགའ་ལ་ཉན་རྒྱུར་སྤྲོ་བའི་དྲ་རྒྱའི་རིག་གནས་ཐོན་རྫས་དང་རིག་རྩལ་བརྩམས་ཆོས་སྐོར་ཞིག་སྒྲིག་སྦྱོར་དང་སྤེལ་གཏོང་བྱེད་དགོས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། “ལོ་རྒྱུས་བཞི”ཡི་དྲིལ་སྒྲོག་སློབ་གསོ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། “ནམ་ཡང་ཏང་གི་རྗེས་སུ་འབྲངས”པ་ཡི་མང་ཚོགས་རང་བཞིན་གྱི་བརྗོད་གཞིའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་དང་ཟུང་འབྲེལ་དམ་ཚགས་བྱས་ཏེ། ཕན་ཚུན་སྐུལ་འདེད་དང་ཆར་བ་ཆུ་གྲོགས་བྱེད་དགོས། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེ་མིན་བྱེ་བྲག་གི་ལག་བསྟར་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས། བདེ་འཇགས་དོ་དམ་ལ་ཤུགས་བསྣན་ཏེ། པྲོག་གསར་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་བྱ་བ་ལེགས་སྒྲུབ་བྱས་ཏེ། དྲིལ་སྒྲོག་སློབ་གསོའི་ལས་དོན་སྣ་ཚོགས་བདེ་འཇགས་དང་གོ་རིམ་ལྡན་པར་ཁག་ཐེག་ནན་མོ་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།