ཀྲུང་གོ་བོད་ཀྱི་དྲ་བ།

སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་ནོར་སྲིད་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར580ལས་མི་དམའ་བ་གཏན་འཁེལ་བྱས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་དང་མཉམ་དུ《2021ལོའི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་བྱ་ལེགས་པོར་སྒྲུབ་པོར་སྐོར་གྱི་བརྡ་སྦྱོར》བཏང་། 《བརྡ་སྦྱོར》ནང་མུ་མཐུད་དུ་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་གྲོན་དངུལ་བསྡུ་བའི་ཚད་གཞི་ཇེ་མཐོར་བཏང་ནས། 2021ལོའི་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་ནོར་སྲིད་ཁ་གསབ་ཚད་གཞི་ལ་ཡང་བསྐྱར་སྒོར30གསར་སྣོན་བྱས་ཏེ། མི་རེར་ལོ་རེར་སྒོར580ལས་མི་དམའ་བ་གསལ་བོར་བཏོན།

《བརྡ་སྦྱོར》ལས། དུས་མཚུངས་སུ་མི་སྒེར་གྱི་གྲོན་དངུལ་སྤྲོད་པའི་ཚད་གཞི་སྒོར40ཇེ་མཐོར་བཏང་ནས་མི་རེར་ལོ་རེར་སྒོར320ལ་སླེབས་ཤིང་། གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་རིགས་ལྕི་མོའི་འགན་སྲུང་། སྨན་བཅོས་རོགས་སྐྱོར་བཅས་འགན་སྲུང་ཆེན་མོ་གསུམ་གྱི་ལམ་ལུགས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། ཕྱོགས་བསྡུས་འགན་སྲུང་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པ་གསལ་བོར་བསྟན་ཡོད།

《བརྡ་སྦྱོར》ལས། སྨན་བཅོས་འགན་སྲུང་གི་དབུལ་ཐར་གྲུབ་འབྲས་བརྟན་འཇགས་དང་རྒྱ་བསྐྱེད་བྱེད་པ་དེ་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་དང་འབྲེལ་མཐུད་ནུས་ལྡན་བྱེད་དགོས། གཅིག་བསྡུའི་ཐོན་ཁུངས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་རོགས་སྐྱོར་བྱེད་པ་ནས་ལམ་ལུགས་ཆེན་མོ་གསུམ་ལ་སྤྱི་འདོམས་ཀྱིས་རྒྱུན་རྣམ་ཅན་གྱི་འགན་སྲུང་བྱེད་པར་བརྟན་བརླིང་ངང་བར་བརྒལ་བྱེད་དགོས། ནན་ཏན་གྱིས་མི་དོར་བ་བཞིའི་བླང་བྱ་དངོས་འབེབས་བྱས་ཏེ། སྨན་བཅོས་འགན་སྲུང་གི་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་ཤིང་། དབུལ་ཐར་མི་གྲངས་ཀྱི་སྨན་བཅོས་འགན་སྲུང་ཁེ་ཕན་སྣ་ཚོགས་རིགས་བགར་ནས་དངོས་འབེབས་གང་ལེགས་བྱེད་དགོས་པར་ནན་གྱིས་བསྟན།

《བརྡ་སྦྱོར》ལས། སྨན་བཅོས་འགན་སྲུང་གི་གྲོན་དངུལ་རྩིས་སྤྲོད་བྱེད་ཐབས་བཅོས་བསྒྱུར་དང་རྒྱུན་རྣམ་ཅན་གྱི་སྨན་རྫས་གཅིག་བསྡུའི་ཉོ་སྒྲུབ། སྨན་བཅོས་འགན་སྲུང་གི་ཐེབས་རྩའི་ལྟ་སྲུང་དོ་དམ་ལ་ཤུགས་སྣོན་པ་བཅས་ལ་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་ཐེབས་རྩའི་བེད་སྤྱོད་ཕན་འབྲས་ཇེ་མཐོར་གཏོང་དགོས་པར་བསྟན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།