ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སེ་སུང་ཕིན་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་བརྒྱུད་དེ་ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སེ་སུང་ཕིན་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ལའོ་ཝའོ་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་ལོན་པ་དང་ཀྲུང་གོ་དང་ལའོ་ཝའོ་ཡི་མཛའ་མཐུན་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝའོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མིང་བཀོད་པའི་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་འགུལ་སྐྱོད་འཆར་གཞི་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་མུ་མཐུད་དུ་འཐབ་ཇུས་འབྲེལ་འདྲིས་ཇེ་མང་དུ་གཏོང་བ་དང་ཆབ་སྲིད་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་ཞིང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ་དང་། རིམས་འགོག་མཉམ་ལས་ལ་ཤུགས་སྣོན་དང་འཕྲོད་བསྟེན་བདེ་ཐང་གི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ལའོ་ཝའོ་རྒྱལ་ཚོགས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་སྐྱོང་སྲིད་འཛིན་དང་ཁྲིམས་འཛུགས་ལྟ་སྐུལ་སོགས་གྲོས་གཞི་ལ་དམིགས་ཏེ་ཉམས་མྱོང་བརྗེ་རེས་བྱེད་པ་དང་། ས་གནས་རིམ་པའི་ཁྲིམས་འཛུགས་སྒྲིག་གཞི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་ཞིང་སྣ་མང་གྲོས་ཁང་དང་ཚོགས་ར་རུ་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

སེ་སུང་ཕིན་གྱིས་བཤད་དོན། ལའོ་ཝའོ་ཕྱོགས་ཀྱིས་ཀྲུང་གོས་མཐུན་སྒྲིལ་རིམས་འགོག་དང་མཉམ་ལས་རྒྱ་སྐྱེད་པ་དང་། ལའོ་ཝའོ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རོགས་རམ་ཆེན་པོ་བྱས་པ་བཀའ་དྲིན་ཆེ་ཞུ་བ་དང་། ལའོ་ཝའོ་རྒྱལ་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་འདོད་ཡོད་ཟེར།

ཝང་ཏུང་མེན་གྲོས་མོལ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།