ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུས་ཕྱུགས་ལས་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་བྱེད་མགོ་བརྩམས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་རྒྱལ་གྱི་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཕྱུགས་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕྱུགས་ལས་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་བྱེད་མགོ་བརྩམས། 

ཚེས20ཉིན། གསར་འགོད་པས་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཕྱུགས་ལས་བཅའ་ཁྲིམས་ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་ཐོག་ཤེས་རྟོགས་བྱུང་བ་ལྟར་ན། ཁྲིམས་བསྟར་ཞིབ་བཤེར་གྱི་སྤྱིའི་ཕན་འབྲས་ཆེ་རུ་གཏོང་ཆེད། ཐེངས་འདིའི་ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གིས་ས་གནས་སུ་ཞིབ་བཤེར་དང་ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་བྱ་རྒྱུ་མངགས་བཅོལ་བྱས་པ་དང་ཟུང་འབྲེལ་བྱས་ནས་སྤེལ་ཡོད་པ་རེད། ཟླ6པ་ནས་ཟླ7པའི་ཟླ་སྟོད་བར། ཞིབ་བཤེར་ཚོ་ཆུང་ཁག་ནང་སོག་དང་ཅི་ལིན། ཧུའུ་ནན། སི་ཁྲོན། ཡུན་ནན། མཚོ་སྔོན་སོགས་ཞིང་ཆེན(རང་སྐྱོང་ལྗོངས)དྲུག་ཏུ་ཡུལ་དངོས་ཞིབ་བཤེར་བྱ་རྒྱུ་དང་། དུས་མཚུངས་སུ་ཧེ་ལུང་ཅང་དང་། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཀོང་ཏུང་། ཁྲུང་ཆིང་། ཉིང་ཞ། ཞིན་ཅང་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)བརྒྱད་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྲིད་འཛིན་ཁུལ་ནང་གི་ཕྱུགས་ལས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་བའི་མངགས་བཅོལ་བྱ་རྒྱུ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གིས་གཙོ་བོ་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་བྱས་ཚུལ་དང་། སོན་ཕྱུགས་དང་སོན་བྱའི་རིགས་རྒྱུད་འདེམས་གསོ་དང་ཐོན་སྐྱེད་གཉེར་སྐྱོང་བྱས་ཚུལ། ཕྱུགས་ལས་ཐོན་སྐྱེད་བརྟན་བརླིང་ངང་འཕེལ་རྒྱས་བཏང་ཚུལ། སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་གནས་ཚུལ། བཅའ་ཁྲིམས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ། ཕྱུགས་ལས་བཅའ་ཁྲིམས་ཀྱི་ལེ་ལག་ཚང་བའི་ཁྲིམས་སྲོལ་དང་སྒྲིག་སྲོལ་བཟོས་ཚུལ་སོགས་ལ་ཞིབ་བཤེར་བྱ་རྒྱུ་རེད། ཕྱུགས་ལས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་རྩ་འཛུགས་བྱེད་པའི་བརྒྱུད་རིམ་ཁྲོད། ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གིས་ད་དུང་གསར་དུ་བཟོ་བཅོས་བྱས་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བཅའ་ཁྲིམས་ལ་ཁྲིམས་བསྟར་བརྟག་ཞིབ་བྱ་རྒྱུ་རེད། 

ཟླ7པའི་ཟླ་དཀྱིལ་དུ། ཁྲིམས་བསྟར་ཞིབ་བཤེར་ཚོ་ཆུང་གིས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུའི་མ་ཟིན་ལ་ཞིབ་འཇུག་གྲོས་བསྡུར་བྱ་རྒྱུ་རེད། ཟླ8པའི་ཟླ་སྨད་དུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཡིས་ཕྱུགས་ལས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་གསན་ནས་གྲོས་ཞིབ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།