ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་བཞི་ཡིས་དབུལ་སྐྱོར་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་ལག་བསྟར་དུས་ཡུན་ཇེ་རིང་དུ་གཏོང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས18ཉིན་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་ཞིང་སྡེ་དར་སྤེལ་ཅུའུ་བཅས་ཀྱིས་ཉེ་ཆར་མཉམ་འབྲེལ་སྒོས་སྤྱི་བསྒྲགས་སྤེལ་དོན། དབུལ་སྐྱོར་ཁྲལ་བསྡུའི་དམིགས་བསལ་སྲིད་ཇུས་ལག་བསྟར་དུས་ཡུན་ཇེ་རིང་དུ་གཏོང་རྒྱུ་ཡིན་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ལྟར་ན། ནོར་སྲིད་པུའུ་སོགས་སྡེ་ཁག་གིས2019ལོར་ཁྱབ་བསྒྲགས་བྱས་པའི་གཙོ་གནད་ཚོགས་སྤྱིའི་ལས་གཉེར་ལས་ཞུགས་སྐོར་གྱི་ཁྲལ་བསྡུའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པའི་བརྡ་སྦྱོར་དང་། ཁེ་ལས་ཀྱི་དབུལ་སྐྱོར་ཐད་ལེགས་སྐྱེས་སུ་འབུལ་བའི་ཐོབ་ཁྲལ་གྱི་ཁྲལ་འཕྲི་སྲིད་ཇུས་སྐོར་གྱི་སྤྱི་བསྒྲགས་དང་། དབུལ་སྐྱོར་དངོས་ཟོག་ལེགས་སྐྱེས་སུ་འབུལ་བར་འཕར་ཁྲལ་མི་བསྡུ་བའི་སྲིད་ཇུས་སྐོར་གྱི་སྤྱི་བསྒྲགས་ཁྲོད་གཏན་འཁེལ་བྱས་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྐོར་གྱི་ལག་བསྟར་དུས་ཡུན2025ལོའི་ཟླ12པའི་ཚེས31ཉིན་བར་རྒྱུན་བསྲིངས་རྒྱུ་རེད།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།