ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་དབྱི་ཐ་ལིའི་ཙུང་ཐུང་ཏེ་ལ་ཅི་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ཙི་ཀོང་ཀུ་རུ་ཞལ་ཆད་ལྟར་དབྱི་ཐ་ལིའི་ཙུང་ལི་ཏེ་ལ་ཅི་ལ་ཁ་པར་བཏང་། 

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོ་དང་དབྱི་ཐ་ལི་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལོ་རྒྱུས་ཀྱི་གསོག་འཇོག་དང་སྲ་ཞིང་བརྟན་པའི་ཁེ་ཕན་གྱི་འབྲེལ་ཐག་ཡོད། ན་ནིང་ནས་བཟུང་། ཕྱོགས་གཉིས་པོས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་བྱས་ཤིང་གཙོ་གནད་མཉམ་ལས་རྣམ་གྲངས་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་། ཀྲུང་གོས་དབྱི་ཐ་ལི་དང་མཉམ་དུ་ཚོང་དོན་མ་འཇོག་དང་ནུས་རྒྱུ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། སང་ལོ་ཀྲུང་དབྱིའི་རིག་གནས་ཡུལ་སྐོར་ལོ་ཡག་པོར་གཉེར་ནས་སྤྱི་ཚོགས་ཀྱི་རིག་གནས་ཀྱི་འབྲེལ་འདྲིས་རྒྱ་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་སྒྲོམ་གཞིའི་འོག་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་དང་མཉམ་ལས་གཏིང་ཟབ་ཏུ་ཕྱིན་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ཇེ་བདེ་ཇེ་སྐྱིད་དུ་འགྲོ་བར་ཕན་ཐོགས་ཡོད་པར་ཡིད་ཆེས་ཡོད། 

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོས་ཡོ་རོབ་མནའ་འབྲེལ་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མེད་བྱེད་ཀྱིན་ཡོད། མཐུན་སྒྲིལ་དང་དར་རྒྱས་ཆེ་བའི་ཡོ་རོབ་མནའ་འབྲེལ་ནི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར། རང་མོས་ཉོ་ཚོང་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་པོས་ཁ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ཏེ་སྒོ་དབྱེའི་རྣམ་པས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་གླེང་མོལ་དང་གྲོས་བསྡུར་བྱས་ཏེ་མི་མཐུན་པའི་ཆ་ཐག་གཅོད་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ཡོ་རོབ་བར་གྱི་མཉམ་ལས་ཀྱིས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་རམ་འདེགས་བྱ་ངེས་པས། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་སྔ་ཙམ་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་མ་འཇོག་གྲོས་ཆོད་ལ་མིང་རྟགས་བཀོད་ནས་ནུས་པ་ཐོན་པར་སྐུལ་འདེད་གཏོང་དགོས། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་དབྱི་ཐ་ལི་ཡིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་པར་རེ་སྒུག་བྱེད་ཀྱིན་ཡོད།  

ཏེ་ལ་ཅིས་བསྟན་དོན། དབྱི་ཐ་ལི་ཡིས་དབྱི་ཀྲུང་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོང་ཆེན་ཚད་མེད་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་མཉམ་ལས་རྣམ་གྲངས་གལ་ཆེན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་ནུས་རྒྱུ་དང་མཁའ་འགྲུལ། དཔལ་འབྱོར་ཚོང་དོན་མ་འཇོག་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། སང་ལོ་དབྱི་ཀྲུང་རིག་གནས་ཡུལ་སྐོར་ལོའི་གོ་སྐབས་ལ་བརྟེན་ནས་ཕྱོགས་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་དབྱི་ཐ་ལིའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་ལས་དོན་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ། ཀྲུང་གོ་དང་མཉམ་དུ་ཕྱོགས་མང་ལས་དོན་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་རྒྱལ་སྤྱིའི་རིམས་ནད་འགོག་བཅོས་མཉམ་ལས་སྐུལ་སྤེལ་བྱས་ཏེ། གོ་ལ་ཧྲིལ་བོའི་དཔལ་འབྱོར་བསྐྱར་དར་ལ་སྐུལ་འདེད་དང་། ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད། ཡོ་རོབ་དང་ཀྲུང་གོའི་མ་འཇོག་གྲོས་ཆོད་ནི་ཕྱོགས་གཉིས་པོས་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཞིག་ཡིན་པ་དང་། དབྱི་ཐ་ལི་ཡིས་སྔར་ཙམ་ནས་གྲོས་བསྡུར་བྱས་ནས་རྗེས་མཐུད་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། 

ཧོ་ལི་ཧྥིང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།