ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་སྲིད་གཞུང་དམིགས་བསལ་ཕོགས་སྣོན་ལམ་ལུགས་ཀྱི་རིམ་པ་མཐོ་ཞིང་རྩལ་ནུས་མཐོ་བའི་འཇོན་མིའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་སྲིད་གཞུང་དམིགས་བསལ་ཕོགས་སྣོན་ལམ་ལུགས་ཀྱི་རིམ་པ་མཐོ་ཞིང་རྩལ་ནུས་མཐོ་བའི་འཇོན་མིའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས།

ཀྲང་ཅུའུ་ཕེན་དང་པུའུ་ཞན་ཆོན། ཝུའུ་ཁྲིན་སོགས་ཀྱིས་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་པའི་འཇོན་མིའི་ཚབ་བྱས་ཏེ་གཏམ་བཤད་པ་དང་། ལིས་ཁི་ཆང་གིས་རྒྱ་ཆེའི་དམིགས་བསལ་འཇོན་མིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་ཁས་ལེན་གང་ལེགས་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ནི་ཏང་དང་རྒྱལ་ཁབ་ཀྱིས་འཇོན་མིར་བརྩི་འཇོག་དང་ཐུགས་ཁུར། རྒྱབ་སྐྱོར་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན་པ་དང་། ལམ་ལུགས་དེ་ཡིས་དངོས་པོའི་བྱ་དགའ་གཙིགས་སུ་བཟུང་བ་མ་ཡིན་པར་གཟི་བརྗིད་མཚན་སྙན་གྱི་སྐུལ་ལྕག་ནུས་པ་ཇེ་ཆེར་བཏང་བ་ཡིན་ལ། ལོ་སུམ་ཅུའི་རིང་ལ་ལག་བསྟར་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། གནས་བབ་གསར་བའི་འོག བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། འཇོན་མིའི་སྐུལ་ལྕག་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་སོ་སོའི་རིག་སྟོབས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་མགོ་རྩོམ་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་གཏོང་སྐབས་ངེས་པར་དུ་འཇོན་མིར་བརྟེན་དགོས་པ་དང་། བརྩོན་འགྲུས་དང་རིག་སྟོབས་ལྡན་པའི་མི་དམངས་མང་ཚོགས་ལ་བརྟེན་ནས། ཕུན་སུམ་ཚོགས་པའི་མི་ཤུགས་འཇོན་མིའི་ཐོན་ཁུངས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་དགོས། ཚན་རིག་ལ་བརྩི་འཇོག་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་། ཤེས་རིག་ལ་བརྩི་འཇོག་དང་ཤེས་བྱ་སྣ་ཚོགས་འཚོལ་སྡུད་བྱས་ནས། འཇོན་མི་གང་མང་འབྱུང་བའི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་གཏོང་དགོས། འཇོན་མི་སྐྱེད་སྲིང་བྱེད་སྐབས་གཞི་རྩའི་ནུས་པ་སྦྱོང་བརྡར་བྱེད་པར་ཤུགས་སྣོན་པ་དང་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ལ། རྨང་གཞིའི་ཤེས་བྱ་དང་རིགས་གཞུང་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསུང་རབ་ཞིབ་ཀློག་དང་རྒྱུན་འཛིན་བྱེད་དགོས། ཚན་རིག་སྙིང་སྟོབས་དང་ལག་ཤེས་སྙིང་སྟོབས། ཆེད་ལས་སྙིང་སྟོབས་དར་སྤེལ་བྱས་ནས། ལེགས་ཐོག་ལེགས་འཚོལ་བྱེད་པའི་རྩལ་ནུས་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས། ཕོགས་སྣོན་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས་སྔར་ལས་མང་པོའི་འཇོན་མི་ལ་སྐུལ་ལྕག་གཏོང་དགོས། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ཕུལ་བྱུང་དཔལ་ཡོན་གྲུབ་འབྲས་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས་ཟེར།

ཧུའུ་ཁྲུན་ཧྭ་དང་ཝང་ཡུང་། ཞོ་ཅེ། ཧི་ལིས་ཧྥིན་སོགས་བཞུགས་མོལ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།