ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་གཅིག་གུང་གསེང་སྐབས་སུ་རང་རྒྱལ་གྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར2.3སྣེ་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཚེས5ཉིན་གྱི་དགོང་མོར2021ལོའི“ལྔ་གཅིག”གུང་གསེང་སྐབས་ཀྱི་ཡུལ་སྐོར་ཚོང་རའི་གཞི་གྲངས་ཁྱབ་བསྒྲགས་བྱས། བསྡོམས་རྩིས་ལྟར་ན། ཟླ5པའི་ཚེས1ཉིན་ནས་ཚེས5ཉིན་བར་དུ་རྒྱལ་ཡོངས་ཀྱི་རྒྱལ་ནང་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར2.3ཡུལ་སྐོར་ལ་ཕྱིན་པ་དང་དུས་མཉམ་ལས119.7%འཕར་སྣོན་བྱུང་སྟེ། རིམས་ནད་སྔོན་གྱི་དུས་མཉམ་ལས103.2%སླར་གསོ་བྱུང་ཡོད། 

རིག་གནས་དང་ཡུལ་སྐོར་པུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ལྔ་གཅིག་གུང་གསེང་སྐབས་སུ་བསྡོམས་པས་རྒྱལ་ནང་གི་ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར1132.3མངོན་འགྱུར་བྱས་ཏེ་དུས་མཉམ་ལས138.1%འཕར་སྣོན་བྱུང་སྟེ། དེ་རིམས་ནད་སྔོན་གྱི་དུས་མཉམ་ལས77.0%སླར་གསོ་བྱུང་ཡོད། རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་མ་ལག་ཏུ་བདེ་འཇགས་ཐོན་སྐྱེད་ཕྱོགས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་མེད་པ་དང་། རིམས་ནད་གནས་ཚུལ་དེ་རིག་གནས་དང་ཡུལ་སྐོར་མ་ལག་བརྒྱུད་དེ་མཆེད་པའི་དོན་རྐྱེན་ཡང་བྱུང་མེད།

ལྔ་གཅིག་གུང་གསེང་སྐབས་སུ་ས་གནས་སོ་སོའི་ལྗོངས་རྒྱུ་ཁུལ་གྱིས་གཟབ་ནན་སྒོས་མི་གྲངས་འགོག་པ་དང་ཁ་ཆད་འཇོག་པ་སོགས་ཀྱི་བླང་བྱ་དངོས་འབེབས་བྱས་ཏེ། རྒྱལ་ཡོངས་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི4800ལྷག་སྣེ་ལེན་བྱས། ཤེས་རིག་ཡུལ་སྐོར་སྟེགས་བུ་ལ་བརྟེན་ནས། ས་གནས་སོ་སོས་ཡུལ་སྐོར་བས་གནས་ཚུལ་ལ་གནད་འཁེལ་སྔོན་དཔག་དང་དོ་དམ། ལམ་སྟོན་ནུས་ལྡན། ཡུལ་སྐོར་བ་ཁག་བགོས་པ་སོགས་ཀྱི་བྱེད་ཐབས་གང་ལེགས་སྤྱད་ཡོད། 

གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་དུས་འདིར་གསར་བརྗེ་བརྗོད་བྱའི་ཡུལ་སྐོར་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་ཅིང་། ད་ལོའི་ངལ་རྩོལ་དུས་ཆེན་དེ་གཞོན་ནུའི་དུས་ཆེན་དང་མཉམ་དུ་འབྲེལ་ཡོད་པས། ན་གཞོན་སྔར་ལས་མང་པོ་ཞིག་གསར་བརྗེ་ཡུལ་སྐོར་ཁྲོད་ཞུགས་ཏེ། དུས་རབས་གསར་བའི་གསར་བརྗེ་ཡུལ་སྐོར་དེ་ན་གཞོན་ཅན་གྱི་འཕེལ་ཕྱོགས་སུ་བསྒྱུར་ཏེ། གསར་བརྗེ་ཡུལ་སྐོར+སྐྱེ་ཁམས་ཡུལ་སྐོར་དང་། དམངས་སྲོལ་ཡུལ་སྐོར། རིག་གནས་ཞིབ་འཇུག་ཡུལ་སྐོར། གྲོང་ཚོ་ཡུལ་སྐོར་སོགས་ཀྱི་ལམ་ཐིག་གསར་བ་དང་ཐོན་རྫས་གསར་བས་ཡུལ་སྐོར་གྱི་ལས་རྣམ་གསར་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།