ས་ཁུལ་སོ་སོས་ཏང་གི་ལོ་རྒྱུས་སྦྱོང་བ་དང་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་ཏང་གི་རྗེས་སུ་བསྙེག་པའི་གུང་གཞོན་ཚོགས་པའི་ཉིན་མོའི་བརྗོད་སྙིང་བྱ་འགུལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ་ལྔ་བའི་ཚེས་བཞི་ཉིན་ནི་ལྔ་བཞིའི་ན་གཞོན་དུས་ཆེན་ཡིན་ཞིང་། བསྟུད་མར་ཉིན་འགའི་རིང་ལ་རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པས་རྣམ་པ་སྣ་ཚོགས་པའི་ཏང་གི་ལོ་རྒྱུས་སྦྱོང་བ་དང་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་ཏང་གི་རྗེས་སུ་བསྙེག་པའི་གུང་གཞོན་ཚོགས་པའི་ཉིན་མོའི་བརྗོད་སྙིང་བྱ་འགུལ་སྤེལ་ནས། རྒྱ་ཆེའི་གུང་གཞོན་ཚོགས་པའི་ན་གཞོན་དག་གིས་སློབ་སྦྱོང་སྐབས་དད་མོས་སྐུལ་སྤེལ་དང་སྟོབས་ཤུགས་བསྡུ་ལེན་བྱས་པ་དང་། མེས་རྒྱལ་གྱིས་མི་དམངས་ལ་ལྷག་བསམ་རྣམ་དག་གིས་བྱས་རྗེས་འཇོག་པའི་ཕུགས་བསམ་བརྟན་པོ་ཆགས་པར་བྱས། 

ཉེ་སྔོན། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས། རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆིན་ཧྭ་སློབ་ཆེན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། གུང་གཞོན་ཚོགས་པའི་ལས་བྱེད་པ་དང་། ཀྲུང་གོའི་ན་གཞོན་ལྔ་བཞིའི་བྱ་དགའ་ཐོབ་མཁན། ན་གཞོན་འཐུས་མིས་སློབ་སྦྱོང་མྱོང་ཚོར་བརྗེ་རེས་དང་མཉམ་སྤྱོད་བྱས། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ངག་བཅོལ་ཟབ་མོ་ནི་ལས་རིགས་སོ་སོའི་ན་གཞོན་སློབ་མ་དག་བློ་སྤོབས་ཀྱིས་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་བའི་བསམ་པའི་སྟོབས་ཤུགས་ཡིན་ཟེར། 

གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ཚོགས་པས་ད་རུང་ཏང་གི་ལོ་རྒྱུས་སྦྱོང་བ་དང་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་ཏང་གི་རྗེས་སུ་བསྙེག་པའི་གུང་གཞོན་ཚོགས་པའི་བརྗོད་དོན་གྱི་སློབ་ཁྲིད་དང་། ན་གཞོན་ལོ་ཆུང་དག་མཐོང་ཐོས་ཀྱི་འདོད་འདུན་ཆེ་བའི་སྨྱན་བྱད་ཐོན་རྫས་ལ་བརྟེན་ནས། ན་གཞོན་ལོ་ཆུང་གི་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་། རིམ་པ་སོ་སོའི་གུང་གཞོན་རྩ་འཛུགས་ཀྱིས་དམར་དམག་ཐོན་ཁུངས་སྔོག་འདོན་དང་། རྒྱ་ཆེའི་ན་གཞོན་ལོ་ཆུང་གི་མྱོང་རོལ་རྣམ་པའི་ལག་ལེན་བྱ་འགུལ་ཁྲོད་ཏང་གི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པར་ཁྲིད་སྟོན་བྱས། ཞཱ་མིན་ནས་སློབ་གྲོགས་ཚོས་རོལ་དབྱངས་ཉམས་སྣང་ཟློས་གར་བཀོལ་ནས་གསར་བརྗེའི་མཁན་གྱིས་ཕུགས་འདུན་བརྩོན་ལེན་བྱེད་པའི་སྣང་ཚུལ་འཁྲབ་སྟོན་བྱས་ཏེ་གླུ་ངག་གིས་རྒྱལ་གཅེས་སེམས་འདུན་བརྒྱུད་སྒྲོག་བྱས། ཀྲེ་ཅང་ནས་ན་གཞོན་འཐུས་མིས་གསོན་ཉམས་ལྡན་པར་དམར་དམག་གྲུ་གཟིངས་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་བརྒྱུད་སྒྲོག་བྱེད་པའི་འབད་འཐབ་གཏམ་རྒྱུད་བརྗོད་པ་དང་། ཏང་ཡོན་རྒན་པས་གུང་གཞོན་ཚོགས་མིའི་སྣེ་ཁྲིད་དེ་གསར་བརྗེའི་རྗེས་དྲན་ཁང་ལ་ལྟ་སྐོར་བྱས་ནས། གསར་བརྗེའི་སྔོན་གཤེགས་དཔའ་བོ་དག་དཀའ་སྡུག་ལ་མི་འཛེམ་པ་དང་རང་སྲོག་བློས་གཏོང་སྤོབས་པའི་འབད་འཐབ་སྙིང་སྟོབས་མྱོང་རོལ་བྱས། 

རིམ་པ་སོ་སོའི་གུང་གཞོན་རྩ་འཛུགས་ཀྱིས་ད་རུང་འཆད་ཁྲིད་ཚོགས་པ་རྩ་འཛུགས་བྱས་ཏེ་ན་གཞོན་དག་ལ་ཐད་ཀར་ཏང་གི་ལོ་རྒྱུས་སློབ་ཁྲིད་བྱས། ཅང་སུའུ་ནས་ན་གཞོན་འཆད་ཁྲིད་ཚོགས་པའི་ཁོངས་མིས་ཀྲུང་གོའི་གུང་ཁྲན་ཏང་གིས་ཅིའི་ཕྱིར་ཐུབ་པར་དམིགས་ནས་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་བྱས་ནས། རྒྱ་ཆེའི་ན་གཞོན་དག་གིས་ཏང་གི་དྲིན་ཚོར་བ་དང་ཏང་གི་ངག་ལ་ཉན་པ། ཏང་གི་རྗེས་སུ་འདེད་པར་སྣེ་ཁྲིད་བྱས། དེ་ལས་གཞན་ཧུའུ་པེ་དང་ཐེན་ཅིན། ཁྲོན་ཆིན། ཧྲན་ཞི། ཀོང་ཞི། ཡུན་ནན་སོགས་ས་ཁུལ་ནས། རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་ད་རུང་གུང་གཞོན་ཚོགས་པར་ཞུགས་པའི་མཛད་སྒོ་དང་དང་བླངས་པའི་ཞབས་ཞུ་སོགས་བརྗོད་དོན་བྱ་འགུལ་སྤེལ་ཏེ། རྒྱ་ཆེའི་ན་གཞོན་དག་གིས་འབད་བརྩོན་ལྷོད་མེད་བྱས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་མོ་ཁུར་དུ་ལེན་སྤོབས་པའི་དུས་རབས་ཀྱི་མི་གསར་དུ་འགྱུར་བའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།