ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་དགུ་པའི་སྟེང་གསུངས་བཤད་གལ་ཆེན་གནང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་དགུ་པའི་སྟེང་གསུངས་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་གནས་བབ་གསར་བའི་འོག་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ནས་ཐུན་མོང་སློབ་སྦྱོང་ཐེངས་ཉེར་དགུ་པ་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ནི་རྩོད་སྒྲུབ་གཅིག་གྱུར་ཡིན་པ་དང་གཅིག་ལ་གཅིག་བརྟེན་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྷད་མེད་ཐཱན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ན། མི་དམངས་ཀྱི་ཉིན་རེར་ཇེ་ཆེར་འགྲོ་བཞིན་པའི་མཛེས་སྡུག་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་ཐུབ་པར་མ་ཟད། སྤུས་ཚད་སྔར་ལས་མཐོ་བ་དང་ཕན་ནུས་སྔར་ལས་ཆེ་བ། སྔར་ལས་འདྲ་མཉམ་དང་རྒྱུན་མཐུད། བདེ་འཇགས་བཅས་ཡིན་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བའི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་ཅིག་བཏོད་ཐུབ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཐཱན་ཉུང་གཏོང་གི་འཐབ་ཇུས་ཁ་ཕྱོགས་གཙོ་བོ་ཡིན་པ་དང་། ཐཱན་གྱི་སྦགས་བཙོག་ཇེ་ཉུང་དུ་གཏོང་བའི་རོགས་ལས་ནུས་འཕར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལྷད་མེད་རིམ་བསྒྱུར་ལ་ཡར་སྐུལ་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པ་དེ་གྲངས་འགྱུར་ནས་སྤུས་འགྱུར་ལ་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་འཐུས་སྒོ་ཚང་བ་དང་ཡང་དག་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཐབ་ཇུས་ངེས་ཤུགས་སྲུང་འཛིན་སྒོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་འཆར་འགོད་བྱས་ཤིང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་། གྲོན་ཆུང་གཙོར་འཛིན་དང་སྲུང་སྐྱོབ་གཙོར་འཛིན། རང་བྱུང་ཁམས་སླར་གསོ་གཙོར་འཛིན་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བར་སྟོང་རྣམ་པ་དང་། ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་ཐབས། འཚོ་བའི་བྱེད་ཐབས་བཅས་ཆགས་པར་བྱེད་པ་དང་། སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བཅས་ལ་གཅིག་གྱུར་བཀོད་འདོམ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས། 

སྐྱེ་ཁམས་ཁོར་ཡུག་པུའུ་ཁོར་ཡུག་འཆར་འགོད་གླིང་གི་མགོ་བ་ཝང་ཅིན་ནན་གྱིས་གནད་དོན་དེའི་ཐད་ནས་འགྲེལ་བརྗོད་བྱས་ཏེ་བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་དག་གིས་ནན་ཏན་གྱིས་ཁོའི་འགྲེལ་བརྗོད་ལ་ཉན་ནས་གྲོས་བསྡུར་བྱས། 

ཞི་ཅིན་ཕིང་གིས་ཐུན་མོང་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་གསུང་བཤད་གནངས། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་ཏང་གི་སྐྱེ་ཁམས་དཔལ་འབྱོར་འཛུགས་སྐྲུན་གྱི་ཕྱོགས་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཅུའུ་ཡོངས་ཀྱི་བྱ་བའི་འབུར་ཐོན་གོ་གནས་སུ་བཞག་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བྱས། རི་ཆུ་ནགས་གསུམ་དང་མཚོ་དང་རྩྭ་ཐང་། བྱེ་ཐང་བཅས་ལ་བཅོས་སྐྱོང་བྱེད་པའི་ཐད་ནས་གཞི་རྩའི་རང་བཞིན་དང་གསར་གཏོད་རང་བཞིན། རྒྱང་རིང་རང་བཞིན་བཅས་ལྡན་པའི་བྱ་བ་རབ་དང་རིམ་པ་སྤེལ་ཡོད་ལ། ཆོད་སེམས་དང་ཤུགས་ཚད། ཕན་འབྲས་བཅས་ཆེ་བ་ནི་སྔ་ན་མེད་པ་ཞིག་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ངོས་འཛིན་ནས་ལག་ལེན་བར་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། ཆེ་ཕྱོགས་རང་བཞིན་བཅས་ལྡན་པའི་འགྱུར་ལྡོག་བྱུང་ཡོད། ཞོར་དུ་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྔར་བཞིན་འགལ་བ་དང་འགྲན་རྩོད་མང་བོ་གནས་ཡོད་པས། སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་ལེགས་བཅོས་བྱེད་པ་ནི་དུས་ཡུན་རིང་བོར་དཀའ་སྡུག་འབད་བརྩོན་བྱེད་དགོས་པའི་བརྒྱུད་རིམ་ཞིག་ཡིན་ལ། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་འབུངས་ཧུར་ལེན་བྱེད་དགོས་ཟེར། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྦགས་བཙོག་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་པ་དང་། གཅིག་བསྡུས་ཀྱིས་འབངས་མི་སེར་ཉེ་འགྲམ་གྱི་འབུར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་བྱས་ཏེ། འབངས་མི་སེར་ལ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་ངེས་པ་དོན་གྱིས་ལེགས་བཅོས་བྱས་པ་ཚོར་དུ་འཇུག་དགོས། གནད་འཁེལ་གྱིས་སྦགས་བཙོག་བཅོས་སྐྱོང་དང་ཚན་རིག་ལྟར་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཤིང་། ཤུགས་ཚད་སྲུང་འཛིན་དང་ཟབ་ཚད་རྒྱུན་བསྲིངས། ཁྱབ་ཚད་རྒྱ་བསྐྱེད་ནས། བསྟུད་མར་གནམ་སྔོན་པོ་དང་ཆུ་དྭངས་མོ། སའི་དག་གཙང་བཅས་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། སྦགས་བཙོག་དངོས་རྫས་མང་བོ་མཉམ་དུ་ཚོད་འཛིན་དང་ས་ཁོངས་རོགས་ལས་བཅོས་སྐྱོང་ལ་ཤུགས་བསྣན་ནས་སྦགས་བཙོག་ཆེ་བའི་ནམ་ཟླ་ཕལ་ཆེར་མེད་པར་གཏོང་དགོས། ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅས་ཀྱི་བཅོས་སྐྱོང་ལ་གཅིག་གྱུར་བཀོད་འདོམ་བྱེད་པ་དང་། ཕན་ནུས་ལྡན་པར་སྡོད་དམངས་ཀྱི་འཐུང་ཆུའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས་གྲོང་ཁྱེར་གྱི་བཙོག་ཆུར་བཅོས་སྐྱོང་གང་ལེགས་བྱེད་དགོས། ས་གཤིས་སྦགས་བཙོག་གི་འགོག་བཅོས་ལ་སྐུལ་འདེད་བཏང་སྟེ་ཕན་ནུས་ལྡན་པར་ཞིང་ས་དང་འཛུགས་སྐྲུན་ཐད་བཀོལ་བའི་ས་ཞིང་གི་སྦགས་བཙོག་ཉེན་ཁར་ཚོད་འཛིན་བྱེད་དགོས། གད་སྙིགས་རིགས་དགར་དང་ཚད་ཇེ་ཉུང་དུ་གཏོང་བ། ཐོན་ཁུངས་ཅན་དུ་བསྒྱུར་བ་བཅས་ལག་བསྟར་བྱས་ནས་སྦགས་བཙོག་དངོས་རྫས་ཀྱི་བཅོས་སྐྱོང་ལ་མཐོང་ཆེན་བྱེད་དགོས། སྦགས་བཙོག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དེ་གྲོང་གསེབ་དང་ཞིང་སྡེ་རུ་རྒྱུན་བསྲིངས་ཏེ། ཞིང་ལས་ཐད་ཀྱི་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་སྣོན་བྱས་ནས་ཞིང་སྡེའི་མི་སྡོད་ཁོར་ཡུག་མངོན་གསལ་གྱིས་ལེགས་བཅོས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་སྒོས་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་ཧུར་ཐག་སྒོས་ཞུགས་ནས། འཛམ་གླིང་ཡོངས་ལ་སྔར་ལས་མང་བའི་སྤྱི་བའི་ཐོན་རྫས་འདོན་སྤྲོད་བྱས་ཏེ། རང་རྒྱལ་གྱི་འགན་ཁུར་བའི་རྒྱལ་ཁབ་ཆེན་མོའི་སྣང་བརྙན་མངོན་པར་བྱེད་དགོས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་དང་ཉེ་འཁོར་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་ནུས་ཅི་ལྕོགས་ཀྱིས་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས་ཁོར་ཡུག་བཅོས་སྐྱོང་ནུས་པ་མཐོར་འདེགས་བྱེད་པར་རོགས་རམ་དང་། མཉམ་དུ་ལྷད་མེད་ཀྱི་རྒྱུད་གཅིག་ལམ་གཅིག་གསར་སྐྲུན་བྱེད་དགོས། ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་དང་འདྲ་མཉམ་རྩ་དོན། རང་རང་གི་ནུས་པའི་རྩ་དོན་བཅས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་རང་རྒྱལ་གྱི་འཕེལ་རྒྱས་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཏང་ཨུས་མགོ་ཁྲིད་པ་དང་སྲིད་གཞུང་གིས་གཙོ་ཤུགས་འདོན་པ། ཁེ་ལས་གཙོ་བོ་དང་སྤྱི་ཚོགས་རྩ་འཛུགས། མང་ཚོགས་བཅས་མཉམ་དུ་ཞུགས་པའི་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ། མཉམ་དུ་འཆར་འགོད་དང་བཀོད་སྒྲིག སྐུལ་འདེད། དཔྱད་ཞིབ་བཅས་བྱེད་པའི་ལམ་ལུགས་རྐྱེན་སྲོལ་ཅིག་འཛུགས་དགོས་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་སྒྲིག་ལུགས་ཀྱི་བཅོས་སྒྱུར་ལ་གཏིང་ཟབ་ཏུ་སྐུལ་འདེད་བཏང་ནས། ལྷད་མེད་འཕེལ་རྒྱས་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཁུར་དུ་བླངས་ཏེ། བཀའ་རྒྱ་ལག་བསྟར་བྱས་ནས་གཏན་འགོག་བྱེད་པ་དང་། ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་འབྲེལ་བའི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བྱས་ནས་ཕན་འབྲས་ཐོན་པར་འགན་སྲུང་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།