ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལའོ་ཝུའོ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་གཉིས་ཀྱིས་ཀྲུང་གོ་དང་ལའོ་ཝུའོ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར60ལོན་པར་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ལའོ་ཝུའོ་གཉིས་ནི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་བརྩེ་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་དང་སྲ་ཞིང་བརྟན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར60རིང་ལ། ཀྲུང་གོ་དང་ལའོ་ཝུའོ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་སེམས་མཐུན་པ་དང་། ལྷག་བསམ་རྣམ་དག་གིས་འབྲེལ་བ་བྱེད་པ། ཞི་བདེ་མཉམ་གནས་ཀྱི་རྩ་བའི་དོན་ཚན་ལྔ་དར་སྤེལ་དང་ལག་ལན་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེན་པ་བདེན་ཐུབ་ཀྱི་བདེ་སྐྱིད་བསྐྲུན་པ་དང་། རྒྱལ་ཁབ་གཉིས་བར་གྱི་འགྲོ་འོང་བྱེད་པའི་མིག་དཔེ་བཏོད་དེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད། པྲོག་གསར་གློད་ཚད་རིམས་ནད་བྱུང་རྗེས། ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱིས་དཀའ་ངལ་མཉམ་སེལ་དང་། ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་བྱས་ཏེ། སྐྱིད་སྡུག་མཉམ་མྱོང་དང་སྲོ་སྲུང་རོགས་རེས་བྱེད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་སྙིང་སྟོབས་གསོན་ཉམས་ལྡན་པོའི་ངང་མཚོན་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་གོ་དང་ལའོ་ཝུའོ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ལའོ་ཝུའོ་རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པའི་བྱ་སྤྱོད་འཆར་གཞི་དོན་འཁྱོལ་བྱ་རྒྱུ་གཙོ་རྐང་དུ་བྱས་ནས་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་འབྲེལ་བར་ཤུགས་སྣོན་རྒྱག་པ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ལའོ་ཝུའོ་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་རྗེས་ཕྱོགས་ཀྱི་ལོ་ངོ60ཡི་ནང་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཡུན་རིང་ལ་ཁྱིམ་མཚེས་དང་། གྲོགས་པོ་བཟང་བོ། བློ་མཐུན་བཟང་བོ་བྱེད་དགོས་ཞེས་བསྟན། 

ཐུང་ལུན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཁྲོད་ལོན་པའི་རླབས་ཆེའི་གྲུབ་འབྲས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝུའོ་ཕྱོགས་ལ་རིམས་ནད་འགོག་རྒོལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལའོ་ཝུའོ་དང་ཀྲུང་གོའི་བར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་པས། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཛའ་བརྩེ་ངང་འགྲོ་འོང་རྒྱ་ཆེར་གཏོང་བ། ལའོ་ཝུའོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད། 

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ལའོ་ཝུའི་སྲིད་གཞུང་གི་ཙུང་ལི་ཕན་ཁན་གཉིས་ཀྱིས་ཀྱང་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་རེད། ལི་ཁེ་ཆང་གི་རྟེན་འབྲེལ་གློག་འཕྲིན་ནང་བཤད་རྒྱུར། ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝུའོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱི་འབྲེལ་གྱི་འབྲེལ་བ་ལེགས་པོར་འཛུགས་པ་དང་ཀྲུང་གོ་དང་ལའོ་ཝུའོ་ཡི་མཛའ་བརྩེ་ལོའི་རྟེན་འབྲེལ་བྱེད་སྒོ་ཡག་པོར་སྤེལ་བ། ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་བསྣོན་འདོད་ཡོད་ཅེས་བཤད། ཕན་ཁན་གྱི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། ལའོ་ཝུའོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལའོ་ཝུའོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འབྲེལ་བར་གཅེས་སྤྲས་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ལའོ་ཝུའོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།