ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་དུས་བཅད་ལྟར་ལའོ་ཝུའོ་སྲིད་གཞུང་གི་ཙུང་ལི་གསར་བ་ཕན་ཁན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་དུས་བཅད་ལྟར་ལའོ་ཝུའོ་སྲིད་གཞུང་གི་ཙུང་ལི་གསར་བ་ཕན་ཁན་ལ་ཁ་པར་བཏང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ལའོ་ཝུའོ་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན། ད་ལོའི་ལོ་སྟོད་ལ་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལའོ་ཝུའོ་ཡི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཏོན། ད་ལོ་ནི་ཀྲུང་གོ་དང་ལའོ་ཝུའོ་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་ལོན་པའི་ལོ་ཡིན་པས། ང་ཚོས་ལའོ་ཝུའོ་ཕྱོགས་དང་མཉམ་དུ་མཛའ་མཐུན་འགྲོ་འོང་ཇེ་མང་དུ་གཏོང་བ་དང་། དངོས་གཉེར་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ནས། ཀྲུང་གོ་དང་ལའོ་ཝུའོ་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།

ལིས་ཁི་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པའི་ལོ་ཡིན། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་འབྲེལ་བ་སྤུས་མཐོར་རིམ་འཕར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་སྔ་མོ་ནས་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པར་མཉམ་དུ་སྐུལ་འདེད་གཏོང་དགོས་ལ། ཁུལ་ཁོངས་ཀྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་། རང་མོས་ཉོ་ཚོང་ལ་སྐུལ་སྤེལ་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཟེར།

ཕན་ཁན་གྱིས་བཤད་དོན། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་མཐུན་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ལའོ་ཝུའོ་དང་ཀྲུང་གོ་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་བྱེད་པ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀས་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱུར་འཐད་པ་བྱུང་།

ཝང་དབྱི་དང་ཧི་ལིས་ཧྥིན་སོགས་གོང་གི་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།